དེ་ཡང་ འབྲུག་གི་ཤེས་རིག་གྲོང་ཁྱེར་དཔྱད་ཡིག་༢༠༡༢ ཅན་མ་གུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ དོན་ཚན་༧ གྱི་ཐོག་ལས་ གྲོས་བསྡུར་གནངམ་ད་ དོན་ཚན་ལ་ལུ་ཅིག་ནང་ གསརཔ་ཁ་བསྐོང་འབད་ཡོདཔ་བཞིན་དུ་ དོན་ཚན་ཁག་ཚུ་ནང་ ཚིག་གི་སྒྱུར་བ་དང་ སྐད་སྒྱུར་ དེ་ལས་ ལེགས་བཅོས་ཚུ་ཡང་ འབད་ཡོདཔ་ཨིན་པས།
བདུན་ཕྲག་ཧེ་མམ་ནང་ དཔལ་འབྱོར་ལེགས་ལྡན་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ གྲོས་འབུལ་ཕུལཝ་བཞིན་དུ་ དོན་ཚན་རེ་རེ་བཞིན་དུ་ལུ་ གྲོས་བསྡུར་གནང་པའི་སྐབས་ ལེའུ་༢ པ་ ཤེས་རིག་གྲོང་ཁྱེར་གྱི་ བཀོད་ཚོགས་གཞི་བཙུགས་འབད་དོན་གྱི་ ཟིན་བྲིས་ནང་ དོན་ཚན་༡༥ པའི་བྱ་བའི་གནད་སྤྱོད་དེ་ ཕྱིར་འབུད་བཏང་ནུག།
ལེའུ་༣ པའི་ བཀོད་ཚོགས་ཀྱི་ བྱ་སྒོ་དང་དབང་ཚད་ཀྱི་ དོན་ཚན་༣༤ པ་དང་འཁྲིལཝ་ད་ བཀོད་ཚོགས་ཀྱིས་ གཞུང་ལས་ གྲོགས་རམ་ཞུ་ནིའི་དོན་ལུ་ རིག་པའི་འབྱུང་གནས་དང་འབྲེལ་བའི་ ཁྲལ་རིགས་ ཡང་ན་ མཚམས་འཛིན་དང་འབྲེལ་བའི་ འཐུས་ཡངས་ཆག་དང་ ཕབ་ཆག་ ཡངན་ རྒྱབ་སྐྱོར་གཞན་ཚུ་གི་སྐོར་ལས་ གཞུང་ལུ་ གྲོས་འཆར་ཕུལ་ཆོག་ནི་ཨིན་པས།
དོན་ཚན་དེ་གི་ ཡན་ལག་དོན་ཚན་༡ པའི་ནང་ ཁྲལ་ ཡངན་ བསྡུ་ལེན་ ཁྲལ་གཞན་གྱི་རིགས་ལས་ ཡངས་ཆག་འབད་ནི་ཟེར་ འཁོད་མི་དེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ལ་ལུ་ཅིག་གིས་ ཕྱིར་འབུད་གཏང་དགོ་པའི་ རྒྱུ་མཚན་བཀོད་ཡོདཔ་བཞིན་དུ་ དོན་ཚན་དེ་ ཕྱིར་འབུད་བཏང་སྟེ་ དངུལ་འབྲེལ་མཐུན་རྐྱེན་གྱི་ཆ་རྐྱེན་ཟེར་བཀོད་མི་ལུ་ ཁ་འཆམས་བྱུང་ཡི།
དཔལ་འབྱོར་ལེགས་ལྡན་གྱི་ ཁྲིམས་ལྡན་ཚོགས་ཆུང་གི་ ཟིན་བྲིས་དཔྱད་ཡིག་༢༠༡༡ ཅན་མའི་དོན་ཚན་༣༤ པའི་ ལེའུ་ཚན་༥ པ་ དོན་ཚན་༤༡ པ་ཡང་ ཕྱིར་འབུད་བཏང་ཡོད་རུང་ རྒྱལ་ཡོངས་ཚོགས་ཁང་ལས་ ཟིན་བྲིས་ལྟར་དུ་བཞག་དགོ་ཟེར་བའི་ཞུ་བ་འབད་ཡོདཔ་ཨིན་པས།
འཐུས་མི་ལ་ལུ་ཅིག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་འབད་རུང་ སྔར་སྲོལ་ལམ་ལུགས་དེ་ བདག་འཛིན་དང་ སྲུང་སྐྱོབ་འབད་དགོཔ་ངེས་བདེན་ཨིནམ་ལས་ བཅའ་ཁྲིམས་དེ་ ཨིང་སྐད་ནང་བཞག་ནི་ཟེར་མི་དེ་ དགོངས་དོན་ལས་ འགལ་བ་ཨིནམ་ལས་ སྤྱིར་བཏང་གི་ཁྲིམས་ལུགས་གཞན་ཚུ་བཟུམ་སྦེ་ གཅིག་མཚུངས་བཟོ་དགོཔ་འདུག་ཟེར་ཞུ་ཡི།
དཔལ་འབྱོར་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་རིག་འཛིན་གྱིས་ ཚོགས་ཁང་ལུ་ཞུ་མིའི་ནང་ དཔྱད་ཡིག་དེ་ རྒྱལ་ཁབ་ཀྱི་ སྲིད་བྱུས་དང་ ལམ་སྟོན་ དེ་ལས་ དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ བཅའ་ཁྲིམས་བརྩམས་གནང་མི་དེ་གིས་ མ་འོངས་ཡུན་རིང་ལུ་ ཕན་ཐོགས་ཚུགས་ཟེར་ཞུ་ཡི།
དེ་དང་འདྲཝ་སྦེ་ ཉིནམ་དེ་ཁར་ རྒྱལ་ཡོངས་ཚོགས་སྡེ་ལས་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་དཔྱད་ཡིག་༢༠༡༡ ཅན་མ་དང་ འགན་འཛིན་དཔྱད་ཡིག་༢༠༡༡ ཅན་མ་དེ་ ཚོགས་བཙུགས་ཐོག་ལས་ ཆ་འཇོག་གནང་ཡོདཔ་ད་ དཔྱད་ཡིག་ཚུ་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་ནིའི་དོན་ལུ་ སྤྱི་ཚོགས་ནང་ ཕུལ་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment