༉ ནང་འཁོད་དཔལ་འབྱོར་མཁས་མཆོག་ཚུ་གིས་ བཤད་སྲོལ་ལྟར་དུ་འབད་བ་ཅིན་ འབྲུག་གི་དཔལ་འབྱོར་གནས་སྟངས་ནང་ ཕྱི་དངུལ་འཛིན་སྐྱོང་དང་ དངུལ་འབྲེལ་ དེ་ལས་ ཚོང་འབྲེལ་ནང་ ཕྱིར་ཚོང་ལས་ ནང་འདྲེན་རྒྱ་ཆེ་བའི་གནས་སྟངས་ཀྱིས་ དོ་འགྲན་སྦོམ་ཤོས་ཅིག་ མ་འོངས་པའི་ལོ་ཚུ་ནང་ འབྱུང་ཉེན་ཡོད་ཟེར་ཨིན་པས།
དཔལ་འབྱོར་གནས་སྟངས་དེ་ལུ་བརྟེན་ གཞུང་སྐྱོང་མི་ག་ར་འབད་རུང་ མི་སྡེ་གོང་འཕེལ་གྱི་འཆར་གཞི་དང་ ལས་རིམ་གྱི་ དམིགས་ཡུལ་འགྲུབ་ཐབས་ལུ་ དོ་འགྲན་སྦོམ་སྦེ་ར་འབྱུང་ནི་ཨིན་མིའི་མཐོང་གསལ་བྱུང་མི་ དེ་ཡང་ ཁོང་གིས་འབད་བ་ཅིན་ འབྲུག་གི་དཔལ་འབྱོར་ཚད་གཞི་དང་འཁྲིལཝ་ད་ གློག་མེའི་ལས་འགུལ་ཚུ་ནང་ མ་རྩ་བཙུག་ནི་དེ་ རྒྱ་ཆེ་དྲག་པའི་ སྐྱོན་འདུག་ཟེར་ཨིན་པས།
འབྲུག་གི་ རྒྱལ་ཡོངས་དཔལ་འབྱོར་གྱི་འོང་འབབ་དེ་ དངུལ་ཀྲམ་དུང་ཕྱུར་༧༢ ཨིན་མི་དང་ཕྱདཔ་ད་ འབྲུག་གློག་མེ་ནུས་ཤུགས་ཡོངས་བསྡོམས་ མེ་ག་ཝཊ་༡༠,༠༠༠ གི་ལས་འགུལ་ནང་ མ་དངུལ་ དངུལ་ཀྲམ་ དུང་ཕྱུར་༤༥༠ དེ་ཅིག་གི་རྩིས་གནས་དོ་ཡོདཔ་ལས་ རྒྱལ་ཁབ་དཔལ་འབྱོར་གྱི་ ལྕོགས་གྲུབ་དང་མ་མཐུན་པའི་ མ་རྩ་གཞི་བཙུགས་འབད་ནི་དེ་ ཡར་སེང་འགྱོ་དོ་ཟེར་ དཔལ་འབྱོར་མཁས་མཆོག་ཅིག་གིས་ བཤདཔ་ཨིན་པས།
འཕྲལ་ཁམས་ལུ་ རུ་པིའི་དཀའ་ངལ་དེ་ཡང་ གློག་མེ་ལས་འགུལ་གྱི་དོན་ལུ་ རྒྱ་གར་གྱི་ཏི་རུ་ རུ་པིའི་གསོག་འཇོག་ནང་ལས་ རྒྱ་ཆེ་དྲག་སྦེ་སོང་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ དེ་ཡང་ དཔེར་ན་ གློག་མེ་ལས་འགུལ་གྱི་དོན་ལུ་ སྣུམ་འཁོར་ཊག་དང་ ས་བརྐོ་འཕྲུལ་ཆས་ཚུ་ཉོ་འདྲེན་འབད་ནི་དང་ དེ་ཚུ་གི་དོན་ལུ་ ས་སྣུམ་ལག་ལེན་འཐབ་མི་གིས་ རུ་པི་མང་རབས་ཅིག་ཟད་འགྲོ་སོང་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
དཔལ་འབྱོར་མཁས་མཆོག་ གཞན་མི་ཅིག་གིས་འབད་རུང་ རུ་པིའི་དཀའ་ངལ་བྱུང་མི་གི་ གཞི་རྩ་ངོ་མ་ཅིག་ གློག་མེ་ལས་འགུལ་ལུ་བརྟེན་ཨིན་ཟེར་མི་ལུ་ རྒྱབ་སྐྱོར་འབད་བའི་ཁར་ ཁོ་གིས་འབད་བ་ཅིན་ ལས་འགུལ་ཚུ་གི་ ཟད་འགྲོ་མང་ཤོས་ཅིག་ རྒྱ་གར་ལས་འོང་མི་ རུ་པིའི་ཚུ་ལག་ལེན་འཐབ་ཨིན་རུང་ བརྒྱ་ཆ་༧༠ དེ་ཅིག་ མ་རྩ་རུ་པིའི་ཐོག་ལུ་མེན་པའི་ ནང་འཁོད་ཀྱི་ རྒྱུ་ཆས་ཚུ་ལག་ལེན་འཐབ་དོ་ཟེར་ཨིན་པས།
ལས་འགུལ་ཚུ་གིས་འབད་ སྣུམ་འཁོར་ཊག་དང་ ས་བརྐོ་འཕྲུལ་གླང་ནང་འདྲེན་རྒྱ་ཆེ་དྲག་སྦེ་ར་ ཡར་སེང་སོང་ཡོད་ཟེར་ཨིནམ་ད་ སྤྱིར་བཏང་ནང་འདྲེན་ཚུ་གི་དོན་ལུ་སོང་བའི་རུ་པི་ཚུ་ ལས་འགུལ་ཁོང་རའི་དོན་ལུ་ རྒྱ་གར་ལས་བཏང་དོ་ཡོད་པའི་ རུ་པི་གིས་ལང་ནི་ཨིན་རུང་ འགོ་ཐོག་གཞི་བཙུགས་ཀྱི་དོན་ལུ་ འབྲུག་གི་གསོག་འཇོག་ནང་ལས་ རུ་པི་ལེ་ཤ་ཅིག་ ཕྱི་ཁར་སོང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནས་སྟངས་དེ་ སྤྱི་ལོ་༢༠༢༠ ལུ་ ལས་འགུལ་མཇུག་མ་བསྡུ་ཚུན་ འཕྲོ་མཐུད་དེ་ར་ གནས་འོང་ཟེར་ཨིན་པས།
ད་རུང་ སུན་ཀོཤ་དང་ མཁོ་ལོང་ཆུ་ལས་འགུལ་དང་ རྒྱ་འབྲུག་མཉམ་འབྲེལ་ལས་འགུལ་༤ དེ་ཅིག་ སང་ཕོད་ འགོ་བཙུག་ནི་ཨིན་མི་གིས་ ད་རུང་འཕྲུལ་ཆས་ཀྱི་ མཁོ་འདོད་ཡར་སེང་འགྱོ་འོང་ཟེར་ཨིན་པས།
གཞུང་གིས་འབད་བ་ཅིན་ གནས་སྟངས་ཚུ་གི་ཐབས་ཤེས་ལུ་ ལས་འགུལ་ཚུ་ བཤོལ་བཞག་ནི་མེན་པར་ བསྟན་རྒྱས་ལྷན་ཁང་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ གཞུང་གིས་ མ་འོངས་པའི་ལོ་ཚུ་ནང་ འོང་འབབ་རྒྱ་དྲག་སྦེ་ འོང་འཐབ་ཡོད་པ་ཅིན་ ལས་འགུལ་ཚུ་འཕྲོ་མཐུད་དེ་ར་ འབད་དགོ་ཟེར་ཨིན་པས།
གཞུང་གིས་ གློག་མེ་ལས་འགུལ་ནང་ མ་རྩ་རྒྱ་སྦོམ་སྦེ་བཏང་མི་ལུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ཐབས་བྱུས་མ་སྟོན་པར་ ལཱ་ཚུ་འཕྲོ་མཐུད་དེ་ར་འབད་བ་ཅིན་ མ་འོངས་པར་འབྲུག་གི་ དཔལ་འབྱོར་གནས་སྟངས་འདི་ དཀའ་ངལ་ཅན་ཅིག་དང་ མི་སྡེ་གོང་འཕེལ་དེ་ལས་ མཐུན་རྐྱེན་གོང་འཕེལ་གྱི་ལས་རིམ་ཚུ་ནང་ཡང་ འཐུས་ཤོར་འབྱུང་ཉེན་ཡོད་ཟེར་ཨིན་པས།
དཔལ་འབྱོར་མཁས་མཆོག་མང་ཤོས་ཅིག་གིས་ བསམ་འཆར་བཀོད་མི་དང་འཁྲིལ་བ་ཅིན་ དཔལ་འབྱོར་རིགས་སྣའི་ལག་ལེན་ཐོག་ལས་ མ་རྩ་གཙོ་བོ་ར་ བཟོ་གྲྭ་འཕྲུལ་ཁང་དང་ སོ་ནམ་གོང་འཕེལ་ ལྟ་བཤལ་ལས་སྡེ་ ས་གཏེར་ཚུ་ནང་འགྱོ་ནི་ཨིནམ་ལས་ སྲིད་བྱུས་དང་ ཁྲིམས་ལུགས་དམ་དམ་ཐོག་ མ་རྩ་བཙུག་ཏེ་ ལག་ལེན་འཐབ་པ་ཅིན་ ལེགས་ལྡན་འབྱུང་འོང་ཟེར་བཤདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment