དེ་ཡང་ སྤྱི་ལོ་༢༠༠༩ ཟླ་༧ པའི་ཚེས་༢༥ འི་ཕྱི་རུ་ ཉེས་ཅན་ཀུན་བཟང་རྡོ་རྗེ་གིས་ ལོ་ན་མ་སྨིན་པའི་ ཆ་རོགས་བུམོ་དེ་ལུ་ མགུ་སྐོར་རྐྱབ་ཐོག་ལས་ དབང་བཙོང་ལུས་འབྲེལ་འབད་ནིའི་དོན་ལུ་ སྤ་རོ་ཁྲོམ་ཁར་ འབོ་ཞིནམ་ལས་ ཁོ་དང་ ཁོ་རའི་ཆ་རོགས་ ཉེས་ཅན་འཕྲིན་ལས་རྡོ་རྗེ་གིས་ བུམོ་དེ་ལུ་ ཆང་དང་ སྨྱོ་རྫས་ཚུ་ བྱིན་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་ ཆང་དང་སྨྱོ་རྫས་ཀྱིས་ ར་བཟི་སྟེ་ གཟུགས་སྟོབས་ཉམས་པའི་སྐབས་ལུ་ ཉེས་ཅན་༢ ཀྱིས་ གཅིག་ཤུལ་གཉིས་ཤུལ་འབད་ འཁྲིག་སྤྱོད་འབད་མི་ལུ་བརྟེན་ དམངས་བསྡོམས་བཙན་གཡེམ་གྱི་ གནོད་འགེལ་འཐབ་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ མི་ངོ་གཉིས་སམ་ དེ་ལས་མང་བའི་མི་གིས་ མི་གཞན་ལུ་ དབང་བཙོང་ལུས་འབྲེལ་འབད་བ་ཅིན་ རྩོད་ཟླ་དེ་ དམངས་བསྡོམས་བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་བརྩི་དགོ་ཟེར་མི་དང་འཁྲིལ་ དྲང་ཁྲིམས་ཁོ་ནའི་ དམིགས་དོན་གྲུབ་ཐབས་ལུ་ ཨ་ལུ་སྐྱེས་ལོ་༡༢ ཡན་ཆད་ལུ་ དམངས་བསྡོམས་བཙན་གཡེམ་འཐབ་པའི་ གནོད་འགེལ་ལས་བརྟེན་ ཀུན་བཟང་རྡོ་རྗེ་ལུ་ བཙན་ཁྲིམས་ལོ་༡༠ དང་ཟླ་༦ དེ་ལས་ འཕྲིན་ལས་རྡོ་རྗེ་ལུ་ ལོ་༡༠ བཙོན་ཁྲིམས་སྨིན་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
འཁྲུན་ཆོད་དེ་ལུ་ རྩོད་ཟླ་༢ ཀྱིས་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་ཁྲི་༢ པར་ མཐོ་གཏུགས་འབད་ཡོདཔ་ད་ ཁྲིམས་འདུན་ལས་ དབྱེ་བཤེར་མཛད་པའི་སྐབས་ ཉེས་འཛུགས་ཅན་ཕོ་སྐྱེས་༢ ཀྱིས་ ཉམས་རྒུདཔ་བུམོ་དེ་ལུ་ བང་བཙོང་དབང་བཙོང་ཐོག་ལས་ ཆང་དང་སྨྱོ་རྫས་ཚུ་བྱིན་ཡོད་པའི་ ཐེ་ཚོམ་ལས་གྲོལ་བའི་ མངོན་རྟགས་བཏོན་མ་ཚུགསཔ་ཨིན་པས།
དེ་འབདཝ་ལས་ ཁྲིམས་འདུན་ལས་ ཐོག་མའི་འཁྲུན་ཆོད་དེ་ སྒྱུར་བཅོས་མཛད་དེ་ འཕྲིན་ལས་རྡོ་རྗེ་ལུ་ བཙོན་ཁྲིམས་ལོ་༧ བཀལ་ཡོདཔ་ད་ ཀུན་བཟང་རྡོ་རྗེ་ལུ་ ལོ་༧ དང་ཟླ་༣ བཀལ་ཡོདཔ་མ་ཚད་ ཉེས་འཛུགས་ཅན་གཉིས་ལས་ ཉམས་རྒུད་པའི་ མི་ཚེ་ལུ་ ཉེས་སྐྱོན་འབད་ཡོདཔ་ལས་བརྟེན་ རྒུད་འཐུས་དངུལ་ཀྲམ་༢༥,༠༠༠ རེ་ སྤྲོད་དགོ་པའི་འཁྲུན་ཆོད་བཏོན་གནང་ནུག།
ཨིན་རུང་ ཉེས་ཅན་གཉིས་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་དེ་ལུ་ཡང་ ཁེ་རྒུད་མ་བཏུབ་པར་ གྲངས་མང་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཡོདཔ་ད་ གྲངས་མང་ཁྲིམས་ཁྲི་གིས་ ཞུ་ཡིག་དེ་ ཕྱིར་འབུད་མཛད་དེ་ ཁྲིམས་ཁྲི་༢ པ་ལས་ གནང་མི་ འཁྲུན་ཆོད་གུ་གཞི་བཞག་སྟེ་ ཉེས་འཛུགས་ཅན་གཉིས་ལུ་ བཙོན་ཁྲིམས་ལོ་༧ དང་ཟླཝ་༣ རེ་ སྨིན་དགོ་པའི་འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
ཨིན་རུང་ བསམ་པ་མ་རྫོགས་པ་ཅིན་ ཉིན་གྲངས་༡༠ གྱི་ནང་འཁོད་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཆོགཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment