གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོན་འདུམ་དཔྱད་ཡིག་༢༠༡༡ ཅན་མ་དེ་ རྒྱལ་ཡོངས་ཚོགས་སྡེ་ནང་ གྲོས་བསྡུར་འབད་དོ་ཡོདཔ།

༢༢/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༡༩ རེས་གཟའ་ལྷག་པ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་དཔྱད་ཡིག་༢༠༡༡ ཅན་མའི་ཟིན་བྲིས་གུ་ གསུང་གྲོས་གནང་ཡོདཔ་ད་ དེ་ཡང་ རྩ་ཕན་ཚུ་གི་བར་ན་ མ་འོངས་པའི་ནང་ རང་མོས་ཀྱི་དོན་འགྲུབ་ནི་དང་ བྱ་སྟབས་མ་བདེ་བའི་ དཀའ་རྙོགས་བསལ་ཐབས་ལུ་དམིགས་ཏེ་ ནང་ཁ་ནང་འགྲིགས་དང་ འཁོན་པ་འདུམ་འགྲིགས་འབད་ཆོག་པའི་ གཙུག་སྡེ་དང་ བྱ་བའི་གནད་སྤྱོད་ཚུ་ གཞི་བཙུག་འབད་ནི་ཨིན་པས།


ཟིན་བྲིས་དཔྱད་ཡིག་གི་ དགོངས་དོན་དང་འཁྲིལཝ་ད་ བཅའ་ཁྲིམས་དེ་གི་ ཁྱབ་ཚད་དེ་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་སྤྱིའི་ཚོངས་འབྲེལ་གྱི་སྐབས་ལུ་ཡང་ ཕན་ཚུན་ རྩ་ཕན་ཚུ་གི་བར་ན་ ནང་འགྲིགས་འཆམ་ཁ་དང་ འཁོན་པ་འདུམ་འགྲིགས་ཚུ་ ཁྲིམས་འདུན་ལུ་ བསྐྱར་མ་དགོ་པར་ དུས་ཡུན་ཐུག་ཀུ་ཅིག་ནང་ གཙུག་སྡེ་གཞི་བཙུག་འབད་མི་ལུ་བརྟེན་ བཟོ་ཚུགས་ནི་ཨིན་པས། 
བསྟན་རྒྱས་བློན་པོ་མཆོག་གིས་ གསུངས་མི་དང་འཁྲིལཝ་ད་ དཔྱད་ཡིག་གི་དམིགས་ཡུལ་དང་པ་དེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ སྤྱི་ཚོགས་ཀྱིས་ ཕྱོགས་རིས་མེད་པའི་ རང་དབང་ཅན་གྱི་ བདག་སྐྱོང་གི་ཁྲིམས་ཞིབ་ཚོགས་སྡེ་དང་ གདམ་ཁ་ཅན་གྱི་ འཁོན་འདུམ་ལྟེ་བ་ཚུ་ ཁྲིམས་ཀྱི་ཐོག་ལུ་ གཞི་བཙུགས་འབད་ཆོག་ཟེར་བའི་ཚིག་ ཚུད་ཡོད་ལུགས་ཚུ་ཞུ་ཡི།
གཉིས་པ་དེ་ རྒྱལ་སྤྱི་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ཚོང་བསྒྱུར་གྱི་དོན་ལུ་ མ་རྩ་བཙུགས་ཆོག་པའི་ཁྲིམས་ཡོདཔ་ལས་ དེ་བཟུམ་ རྒྱལ་ཁབ་ནང་ཡང་ ཕྱི་རྒྱལ་གྱི་ལས་སྡེ་ཚུ་གིས་ འབྲུག་ནང་འཁོད་ལུ་ ཚོང་ལཱ་ཆེ་ཆུང་གི་སྐོར་ མ་རྩ་བཙུག་ནིའི་དོན་ལུ་ དང་འདོད་དང་སྤྲོ་བ་ཡོད་པ་ཅིན་  ཁྲིམས་ཀྱི་འདུན་སར་འཐུག་མ་དགོ་པར་ འཁོན་པ་འདུམ་འགྲིག་གི་ ཐབས་ལམ་ལུ་བརྟེན་འགྱོཝ་མས་ཟེར་ཨིན་པས།
དཔལ་འབྱོར་གོང་འཕེལ་གྱི་སྲིད་བྱུས་དང་ ཕྱི་རྒྱལ་གྱི་ མ་རྩ་གཞི་བཙུགས་ཀྱི་སྲིད་བྱུས་ཚུ་དང་འཁྲིལ་ འཁོན་འདུམ་དེ་བྱ་སྟབས་བདེ་ཏོག་ཏོ་སྦེ་ དུམ་འགྲིག་འབད་མི་གཙུག་སྡེ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ ཁྲིམས་ཅིག་བརྩམ་དགོཔ་དེ་ གལ་ཆེ་ཟེར་ཞུ་ཡི།
གནད་དོན་གསུམ་པ་དེ་ འབྲུག་རྒྱལ་ཁབ་ནང་ ནང་འགྲིགས་ཀྱི་ཐོག་ལས་ འཁོན་པ་འདུམ་འགྲིགས་ཀྱི་ སྲོལ་ཚུ་ སྔོན་དང་ཕུ་ལས་ར་ ལག་ལེན་འཐབ་སྲོལ་ཡོདཔ་བཞིན་དུ་ དེ་ཚུ་ ཁྲིམས་མཐུན་བཟོ་ནི་དང་ ནང་འགྲིགས་ཀྱི་དོན་ལུ་ ལམ་ལུགས་དེ་ རྩ་བརྟན་བཟོ་ནིའི་དོན་ལུ་ཨིན་ཟེར་ ཞུ་ཡི།
གཙུག་སྡེ་གཞི་བཙུགས་དེ་ རང་དབང་དང་ གཞུང་མིན་འདུས་ཚོགས་ཅིག་ཨིནམ་ལས་ བདག་སྐྱོང་གཙོ་འཛིན་ཅིག་ བསྐོ་བཞག་འབད་ནི་དང་ མི་ངོ་ཅིག་དེ་ འབྲུག་པའི་མི་སེར་ཨིནམ་པའི་གུ་ མཐོ་རིམ་ཤེས་ཚད་ཡོད་མི་ དེ་ལས་ ཉུང་ཤོས་ལོ་༡༠ གྱི་ ཉམས་མྱོང་ཡོད་མི་དགོཔ་ཨིན་པས།
ཨིན་རུང་ མོང་སྒར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་གནས་བཅུ་གིས་ བདག་སྐྱོང་གཙོ་འཛིན་གྱི་ ལཱ་གི་ཉམས་མྱོང་དེ་ ཉུང་ཤོས་ལོ་༡༠ བཞག་མི་དེ་ མ་འོངས་འགན་འཁྲི་འབག་སྟེ་ ལཱ་འབད་བའི་སྐབས་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ཕྱིར་དབྱུང་འབད་དེ་ ལོ་༡༥ བཟོ་བ་ཅིན་ལེགས་ཤོམ་འོང་ཟེར་ ཞུ་ཡོདཔ་བཞིན་དུ་ བུམ་ཐང་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་འབད་རུང་ ལོ་༡༥ ལས་ ཡར་བཅད་བཟོ་བ་ཅིན་ འོས་འབབ་འདུག་ཟེར་ རྒྱབ་སྐྱོར་ཞུ་ཡི།
དོན་ཚན་དེ་གུ་ ཀྲོང་གསར་འཐུས་མི་ རྒྱ་གར་རྡོ་རྗེ་གིས་འབད་བ་ཅིན་ འཐུས་མི་དེ་ གཙུག་སྡེའི་ བདག་སྐྱོང་གཙོ་འཛིན་ཅིག་ཨིནམ་ལས་ ཉུང་ཤོས་ལོ་༡༠ གྱི་ ཉམས་མྱོང་དགོ་ཟེར་འཁོད་ཡོད་མི་དང་འབྲེལ་ ག་ཅི་བཟུམ་གྱི་ཉམས་མྱོང་དགོཔ་ཨིན་ན་ ཁ་གསལ་སྦེ་བཀོད་དགོཔ་འདུག་ཟེར་ཞུ་བའི་ཁར་ ཆུ་ཁའི་འཐུས་མི་ ཚེ་དབང་ལྷ་མོ་གིས་ གོང་གསལ་ཞུ་མི་ལུ་ རྒྱབ་སྐྱོར་ཚུ་ཞུ་ཡི།
ཁྲིམས་བཟོ་ཚུགས་ཆུང་ལས་ འཐུས་མི་ བཀྲིས་དབང་མོ་གིས་འབད་བ་ཅིན་ ཉམས་མྱོང་དེ་ ག་དེ་ཅིག་ར་ཡོད་རུང་ བཙག་འཐུ་གྲུབ་མི་དེ་ལུ་ ལྕོགས་གྲུབ་མེད་པ་ཅིན་ དཀའ་ངལ་སྦོམ་ཡོད་ཟེར་ ཞུ་ཡི།
ཟིན་བྲིས་དཔྱད་ཡིག་གུ་ ཚོགས་ཁང་ནང་ གྲོས་བསྡུར་ཞིབ་ཞིབ་གནང་ཞིནམ་ལས་ དོན་ཚན་ལ་ལུ་ཅིག་ ཕྱིར་བཏོན་འབད་དགོཔ་ད་ དོན་ཚན་ལ་ལུ་ཅིག་ གསར་བཀོད་འབད་དགོཔ་འཐོན་མི་ཚུ་ ད་རིས་ མཐའ་བཅད་ཀྱི་ གསུང་གྲོས་ནང་ གྲོས་ཐག་བཅད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment