གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་བཀག་འཛིན་གྱི་དོན་ལུ་ མི་སྟོབས་གོང་འཕེལ་གཏང་ནིའི་རྒྱབ་སྐྱོར།

༡༨/༧/༢༠༡༢   ༉ འདས་པའི་བདུན་མཐའ་ལུ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ ཐིམ་ཕུ་ལུ་སྦེ་ རྒྱ་གར་གྱི་ འབྲེལ་ཡོད་ལས་སྡེ་དང་ འབྲུག་གི་དབང་འཛིན་ཚུ་གི་བར་ན་ སྨྱོ་རྫས་ཀྱི་ མཁོ་འདོད་མར་ཕབ་དང་ ཚུལ་མིན་ཚོང་འབྲེལ་འཐབ་པའི་ འབྲེལ་ཡོད་གནད་དོན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ལུ་ གྲུབ་འབྲས་བྱུང་མི་ཅིག་ མི་སྟོབས་གོང་འཕེལ་ གཏང་ནི་དེ་ཨིན་པས།
འབྲུག་སྨྱོ་རྫས་དམ་འཛིན་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ ཕུན་ཚོགས་དབང་འདུས་དང་ རྒྱ་གར་ སྨྱོ་རྫས་དམ་འཛིན་ལས་སྡེའི་མདོ་ཆེན་ ར་ཇེཤི་ ནཱན་དཱན་ ཤྲི་བཱསི་ཏ་བ་གིས་ ཆིངས་ཡིག་བརྗེ་སོར་འབད་བའི་བསྒང་།


ཉིན་གྲངས་༢ འབད་མི་ཞལ་འཛོམས་ མཇུག་བསྡུ་བའི་ཤུལ་ལས་ རྒྱ་གར་གྱི་ འཐུས་མི་སྡེ་ཚན་གྱིས་ སྨྱོ་རྫས་བཀྲམ་སྤེལ་མར་ཕབ་དང་འབྲེལ་བའི་ སྦྱོང་བརྡར་ཚུ་བྱིན་ནི་དང་ ཁྱད་རིག་བརྗེ་སོར་འབད་ནིའི་ གྲོས་ཆོད་ཚུ་བཏོན་ཡི།
ཞལ་འཛོམས་ནང་ རྒྱ་གར་གྱི་ འཐུས་མི་སྡེ་ཚན་གྱིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༣ ལས་ སྤྱི་ཟླ་༨ པའི་ཚེས་༤ ཚུན་ འབྲུག་གི་ ཌོག་ཊར་ཚུ་དང་ གསོ་བའི་ལས་བྱེདཔ་༡༥ ལུ་ རྒྱ་གར་ལུ་སྦེ་ སྦྱོང་བརྡར་བྱིན་ནི་ཨིནམ་མ་ཚད་ འབྲུག་གི་འགོ་དཔོན་༣ ལུ་ བརྡ་དོན་འཛིན་སྐྱོང་དང་ གནས་སྡུད་འཛིན་སྐྱོང་གི་ སྦྱོང་བརྡར་བྱིན་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྨྱོ་རྫས་བཀྲམ་སྤེལ་མར་ཕབ་ཀྱི་ སྦྱོང་བརྡར་ཡང་ ཟླཝ་འདི་ནང་ར་ བྱིན་ནི་ཨིནམ་ད་ རྒྱལ་ཁབ་ནང་འཁོད་ཀྱི་ སྦྱོང་བརྡར་ཐད་ལུ་ འབྲུག་གི་དབང་འཛིན་ཚུ་ལུ་ རྒྱ་གར་ལས་ རྒྱལ་ཁབ་ནང་ ཌོག་ཊར་༣ འབད་མི་ སྡེ་ཚན་ཅིག་བཏང་སྟེ་ ཉིན་གྲངས་༦ གི་རིང་ སྨྱོ་རྫས་ལག་ལེན་གྱི་ རྟགས་མཚན་ཚུ་ ངོས་འཛིན་འབད་ཐངས་ཀྱི་ སྦྱོང་བརྡར་བྱིན་ནི་ཨིན་པས།
རྒྱ་གར་གྱི་ སྨྱོ་རྫས་བཀག་འཛིན་བཀོད་ཚོགས་ཀྱིས་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་ལུ་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་བར་ན་ སྨྱོ་རྫས་ལག་ལེན་གྱི་ ངོས་འཛིན་འཕྲུལ་ཆས་༡༠༠ བྱིན་ཡོདཔ་ད་ འབྲུག་གིས་ ཞུ་བ་འབདཝ་བཞིན་ འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐངས་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་གི་ ངོས་ལེན་འབད་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ འབྲུག་གིས་ ཆབ་གསང་བསྡུསཔ་གི་དཔེ་ཚད་ བརྟག་དཔྱད་འབད་ནིའི་དོན་ལུ་ སྨྱོ་རྫས་བརྟག་དཔྱད་འཕྲུལ་ཆས་༥,༠༠༠ གི་ གྲོས་གཞི་ཕུལ་མི་དེ་ རྒྱ་གར་གཞུང་གིས་ ཆ་འཇོག་འབད་ནུག།
ཞལ་འཛོམས་ནང་ རྒྱ་གར་གྱི་ འཐུས་མི་སྡེ་ཚན་གྱིས་ ཚུལ་མིན་སྨྱོ་རྫས་བཀག་འཛིན་གྱི་དོན་ལུ་ རྒྱལ་ཁབ་༢ ཀྱི་ ཁྲིམས་འཛིན་ལས་སྡེ་ཚུ་གི་བར་ན་ འབྲེལ་བ་འཐབ་ཐངས་ཀྱི་ གྱངས་ཁ་ཚུ་ ཡར་སེང་འབད་དགོཔ་འདུག་ཟེར་ སླབ་ནུག།
འབྲུག་གི་ འགོ་དཔོན་ཚུ་གིས་ གནད་དོན་ཅིག་ འབྲུག་གི་ས་མཚམས་ནང་ཡོད་མི་ ཚོང་ཁང་ཚུ་གིས་ འབྲུག་གི་ན་གཞོན་ཚུ་ལུ་ ཌོག་ཊར་གྱི་ སྨན་ཡིག་མེད་རུང་ སྨྱོ་རྫས་དང་ལྡན་པའི་ སྨན་རིགས་ཚུ་ བཙོང་པའི་དོགས་པ་ཡོདཔ་ལས་ རྒྱ་གར་གྱི་ འགོ་དཔོན་ཚུ་གིས་ དེ་ཚུ་ དྲི་དཔྱད་འབད་དགོ་པའི་ ཞུ་བ་འབད་མི་དེ་ དགོས་མཁོ་དང་བསྟུན་ འབད་ནི་གི་ ཚུལ་མཐུན་ངོས་ལེན་འབད་ནུག།

ཞལ་འཛོམས་ནང་ སྤྱིར་བཏང་ལུ་ མི་ཐ་ཡེལ་ ཨི་ཐ་ཡེལ་ཀི་ཊཱོན་དང་ པོ་ཊ་སི་ཡམ་ པར་མང་ག་ནེཊི་ལ་སོགས་པའི་ རྫས་སྦྱོར་གྱི་རིགས་ཚུ་ འབྲུག་ལུ་ ནང་འདྲེན་འབད་དགོ་པ་ཅིན་ རྒྱ་གར་གྱི་ སྨྱོ་རྫས་ལྷན་འཛིན་ལས་ ཉོགས་མེད་ཡི་གུ་དགོཔ་ཨིན་རུང་ རྫས་སྦྱོར་གྱི་རིགས་ཚུ་ འབྲུག་ལུ་ ཧེ་མ་ལས་ ལྷོད་དེ་ཡོདཔ་ལས་ ད་ལས་ཕར་ དེ་བཟུམ་མའི་ གནད་དོན་ཚུ་ ལོག་མི་བྱུང་ནིའི་དོན་ལུ་ དྲནམ་བཏོན་དགོ་པའི་ དྲན་བསྐུལ་འབད་ཡོདཔ་ ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།

No comments:

Post a Comment