ནད་གཞི་ལས་ དྲག་པའི་བསྒང་ཡོད་མི་ སློབ་ཕྲུག་ཚུ |
དེ་ཡང་ ལྷུན་རྩེ་སྨན་ཁང་གི་ ཌོག་ཊར་གྱིས་ སླབ་མའི་ནང་ སློབ་གྲྭའི་སློབ་ཕྲུག་ཚུ་ རེས་གཟའ་མིག་དམར་ལུ་ རྐངམ་སྦོ་ན་མི་ལུ་བརྟེན་ བརྟག་དཔྱད་འབད་བར་འོང་མི་ཚུ་ལུ་ལྟཝ་ད་ ཟས་བཅུད་ཉུང་པའི་དོགས་པ་ཡོད་ཟེར་ཨིན་པས།
སྤྱི་ཟླ་པའི་ཚེས་༢༦ ལུ་ སློབ་ཕྲུག་ཅིག་རྐངམ་སྦོ་ཡོདཔ་ལས་ སྨན་ཁང་ནང་ཞིབ་དཔྱད་འབད་བར་ འོང་བའི་ཤུལ་ལུ་ ཌོག་ཊར་གྱིས་ ནད་གཞི་འདི་གི་རྟགས་མཚན་དེ་ ཨི་ཌི་མ་ཟེར་མི་ཨིན་པའི་ཤེས་རྟོགས་བྱུང་ཡོདཔ་ལས་ སློབ་ཕྲུག་ཨ་ལུ་དེ་ལུ་དྲིསཝ་ད་ ཆ་རོགས་ཚུ་ཡང་ འདི་བཟུམ་ན་མི་ཡོད་པའི་སྐོར་ལས་སླབ་ལས་ ཌོག་ཊར་གྱིས་ སློབ་གྲྭའི་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ སྤྱི་ཚེས་༢༧ རེས་གཟའ་ཟླ་བ་ལུ་ སྨན་ཁང་ནང་ སློབ་ཕྲུག་༣༡ བརྟག་དཔྱད་འབད་མི་ལས་ སློབ་ཕྲུག་༡༢ ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ལྷུན་རྩེ་སྨན་ཁང་གི་ཌོག་ཊར་ བསོད་ནམས་རྒྱ་མཚོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ སློབ་ཕྲུག་མང་ཤོས་ཅིག་ལུ་ རྐངམ་འབོ་ན་བའི་ངོས་འཛིན་བྱུང་ཡོདཔ་ལས་ སྤྱི་ཚེས་༢༨ ལུ་ སློབ་གྲྭའི་སློབ་ཕྲུག་བསྡོམས་༤༣༢ བརྟག་དཔྱད་འབདཝ་ད་ སློབ་ཕྲུག་༤༦ ལུ་ ནད་འདི་གི་རྟགས་མཚན་བྱུང་ཡོད་མི་ལས་༡༠ བུམོ་དང་༣༦ བུཚ་ཨིན་པས།
ཨིན་རུང་ ཌོག་ཊར་གྱིས་འབད་བ་ཅིན་ ནད་གཞི་འདི་བཟུམ་ཐོབ་མི་ལུ་ ཚ་གྱང་ལང་དགོཔ་མེད་ཟེར་ཨིནམ་ད་ ད་ལྟོ་སྨན་ལེབ་ ཝི་ཊ་མིན་བི་སི་ཚུ་བྱིན་དོ་ཡོདཔ་ལས་ སྤྱིར་བཏང་ཨ་ལུ་ཚུ་ལུ་ ཟས་བཅུད་ཉུང་བའི་དོགས་པ་ཡོད་རུང་ རྟགས་མཚན་གྱི་སྙན་ཞུ་དེ་ མོང་སྒར་གཙོ་བསྟེན་སྨན་ཁང་ནང་ལས་ལྷོད་ཞིནམ་ལས་བརྒལ་ ཧ་གོ་མི་ཚུགས་ནི་མས་ཟེར་ཨིན་པས།
ནད་གཞི་ཐོབ་མི་ཚུ་གི་ གཟུགས་སྟོབས་ལུ་སྐྱོན་དང་ ན་ཚ་ག་ནི་ཡང་མེད་པའི་ཁར་ ཁོང་ར་ལུ་ཡང་ ཤེས་རྟོགས་མ་བྱུངམ་ཨིན་པས།
སློབ་རིམ་༡༡ པ་ཚན་རིག་ལས་ ཨྱོན་ནོར་བསྟན་གྱིས་ སླབ་མིའི་ནང་ ཁོ་གི་རྐངམ་སྦོ་ ཡོད་མེད་དེ་ ཌོག་ཊར་གྱིས་ བརྟག་དཔྱད་འབད་ཞིནམ་ལས་བརྒལ་ མ་ཤེས་ཟེར་ཨིནམ་ད་ འདི་བཟུམ་སྦེ་ ཆ་རོགས་ཚུ་གིས་ཡང་ ཤེས་རྟོགས་མ་བྱུང་པར་སྡོད་ཅི་ཟེར་ སླབ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ངག་དབང་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གིས་ རྐངམ་འབོ་ཡོད་མེད་ཤེས་ཚོར་མ་བྱུང་མི་དེ་ ཁོང་ལུ་ན་ཟུག་མེད་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་ནང་ བཞེས་སྒོའི་རིགས་ ལྟོ་དང་ ཉ་སྐམ་ དཱལ་ སྒོང་རྡོག་ དེ་ལས་ ཚོད་བསྲེ་ཧོནམ་གི་རིགས་ཚུ་ བྱིན་ནི་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ སློབ་གྲྭ་འདི་ནང་ སློབ་ཕྲུག་ཡོངས་བསྡོམས་༤༣༢ ཡོད་ས་ལས་༢༠༦ བུམོ་དང་༢༢༦ བུཚ་ དེ་ལས་ ལྟོ་ཐོབ་སློབ་ཕྲུག་༢༧༨ ཡོད་མི་ལས་ བུཚ་༡༦༤ དང་ བུམོ་༡༡༤ ཡོད་པའི་ཁར་ ཐིམ་ཕུ་ལས་ གསོ་བ་དང་ ཤེས་རིག་འགོ་དཔོན་ཚུ་ བརྟག་དཔྱད་འབད་བར་ལྷན་རྩེ་ལུ་སོང་ཡོདཔ་ལས་ ནད་རྟགས་ངོ་མ་དེ་ ཁོང་གིས་ ཞིབ་དཔྱད་འབད་བའི་ཤུལ་ལུ་རྐྱངམ་གཅིག་ སླབ་ཚུགས་ནི་ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment