གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་གནས་གོང་ མར་བབས་འགྱོ་མི་ལུ་བརྟེན་ སྣུམ་འཁོར་གྱི་གོང་ཚད་ ཡར་སེང་འབད་ནིའི་འོས་འབབ།

༢/༧/༢༠༡༢   ༉ ད་རེས་ཀྱི་ དཔལ་འབྱོར་གནས་སྟངས་ནང་ སྣུམ་འཁོར་ཉོ་ནི་དེ་ གནས་གོང་མཐོ་ཤོས་ཅིག་ལུ་ ལྷོད་ཡོདཔ་ད་ དེ་ཡང་ འབྲུག་གི་སྤྱི་ཚོགས་ནང་ལས་ སྣུམ་འཁོར་ནང་འདྲེན་གྱི་ཁྲལ་ ཡར་སེང་འབད་མི་ལུ་བརྟེན་ཏེ་མེན་པར་ ཡུ་ཨེསི་ཌོ་ལར་དང་ཕྱདཔ་ད་ རུ་པི་གི་གནས་གོང་ མར་བབས་འགྱོ་མི་ལུ་བརྟེན་ཏེ་ཨིན་པས།


རྒྱ་གར་གྱི་ སྣུམ་འཁོར་བཟོ་གྲྭ་ཁང་ ལ་ལུ་ཅིག་གིས་ ཁོང་གིས་བཟོ་མི་ སྣུམ་འཁོར་ཚུ་གི་ རིན་གོང་ཡར་སེང་འབད་ཡོདཔ་ད་ དེ་བཟུམ་སྦེ་ རྒྱ་གར་གྱི་ སྣུམ་འཁོར་བཟོ་གྲྭ་ཁང་ བ་ཇཱཇ་དང་ མ་རུ་ཏི་སུ་ཛུ་ཀི་ ཧུན་ཌའེ་ མ་ཧིན་ཌ་ཚུ་གིས་ཡང་ ཁོང་གིས་བཟོ་སྐྲུན་འབད་དེ་ ཚོང་འབྲེལ་འཐབ་མི་ སྣུམ་འཁོར་ཚུ་གི་ རིན་གོང་ཚུ་ཡང་ ཡར་སེང་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
རྒྱ་གར་གྱི་ བརྡ་བརྒྱུད་ཚུ་ནང་ བཀོད་མི་དང་འཁྲིལཝ་ད་ སྣུམ་འཁོར་ཚུ་གི་གོང་ཚད་ ཡར་སེང་འབད་ནི་ལུ་ བཟོ་གྲྭ་དེ་ཚུ་ལུ་ ཚ་གྱང་ཅིག་ཡོད་མི་དེ་ཡང་ གོང་ཚད་ཡར་སེང་འབད་ཡོད་མི་ བཟོ་གྲྭའི་སྣུམ་འཁོར་ཚུ་ མཁོ་མངགས་འབད་མིའི་གྱངས་ཁ་ ཧེ་མ་དང་ཕྱདཔ་ད་ མར་བབས་སོང་ཡོད་པའི་ གསལ་སྟོན་བྱུང་མི་ལུ་བརྟེན་ཨིན་པའི་ཁར་ རྒྱ་གར་ལུ་ ས་སྣུམ་གྱི་ གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ སྣུམ་འཁོར་གྱི་ཚོང་འབྲེལ་དེ་ ཧེ་མ་དང་ཕྱདཔ་ད་ དུམ་གྲ་ཅིག་མ་གཏོགས་ ཡར་སེང་མ་འགྱོ་ནི་དེ་གིས་ཨིན་པས།
དེ་འབདཝ་ད་ སྣུམ་འཁོར་བཟོ་སྐྲུན་ལས་སྡེ་ཚུ་གིས་ བཟོ་སྐྲུན་འབད་མི་ སྣུམ་འཁོར་ཚུ་གི་ གོང་ཚད་ཡར་སེང་མ་འབད་བར་ བྱ་ཐབས་མེད་མི་དེ་ཡང་ ཡུ་ཨེསི་ཌོ་ལར་དང་ཕྱདཔ་ད་ རུ་པི་གི་གནས་གོང་ སྐྱོ་དྲགས་འབད་མི་དེ་གིས་ ཕྱི་ལས་ སྣུམ་འཁོར་བཟོ་སྐྲུན་ནང་མཁོ་བའི་ ཅ་ཆས་ཀྱི་རིགས་ཚུ་ ནང་འདྲེན་འབདཝ་ད་ གོང་ཚད་རྒྱ་ཆེ་དྲགས་སྦེ་ གནས་ནི་གིས་ཨིན་པས།
རྒྱ་གར་གྱི་ གནས་ཚུལ་ཚུ་ནང་ བཀོད་མི་དང་འཁྲིལ་བ་ཅིན་ ད་རེས་ ཡུ་ཨེསི་ཌོ་ལར་རེ་ལུ་ རྒྱ་གར་གྱི་རུ་པི་༥༨ ཡར་སེང་སོང་ཡོད་མི་དེ་ ད་ཚུན་ རྒྱ་གར་གྱི་གནས་སྟངས་ནང་ རུ་པི་གི་ གནས་གོང་སྐྱོ་ཤོས་ཅིག་ཨིན་པའི་ཁར་ དེ་ཡང་ རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ མར་ཉམས་འགྱོ་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་བཀོད་ནུག།
རྒྱལ་ཁབ་ཚུ་གི་བར་ན་ དངུལ་བརྗེ་སོར་གྱི་ རིན་གནས་དེ་ དཔལ་འབྱོར་གནས་སྟངས་ཀྱི་ བརྡ་སྟོན་ཐབས་ཤེས་ཅིག་ཨིནམ་ད་ དཔེ་འབད་བ་ཅིན་ ཡུ་ཨེསི་ཌོ་ལར་རེ་ལུ་ རུ་པི་༥༨ ཡར་སེང་སོང་མི་དེ་གིས་ རྒྱ་གར་གྱི་ རུ་པིའི་གནས་གོང་ མར་ཉམས་འགྱོ་བའི་ བརྡ་སྟོན་འབད་བའི་ཁར་ རྒྱ་གར་གྱི་དཔལ་འབྱོར་ནང་ དངུལ་འབྲེལ་གྱི་ དཀའ་ངལ་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
རྒྱ་གར་གྱི་རུ་པི་དེ་ ན་ཧིང་ སྤྱི་ཟླ་༨ པའ་ིནང་ ཡུ་ཨེསི་ཌོ་ལར་རེ་ལུ་ རུ་པི་༤༦ རེ་སྦེ་ གནས་པའི་བར་ན་ རུ་པི་གི་ གནས་གོང་མར་ཉམས་འགྱོ་ནི་ འགོ་བཙུགས་ཡོདཔ་ད་ ད་རུང་ རྒྱ་གར་གྱི་ དཔལ་འབྱོར་གནས་སྟངས་ནང་ རྒྱུན་སྐྱོང་གྱི་ཟད་འགྲོ་དང་ ཁྲལ་གྱི་འོང་འབབ་གནས་སྟངས་ནང་ ཁྱད་པར་ཡར་སེང་འགྱོ་མི་དེ་གིས་ ད་རུང་ རུ་པི་གི་ གནས་གོང་མར་ཉམས་འགྱོ་ནིའི་ འོས་འབབ་ཡོད་ཟེར་ཨིན་པས།
དཔལ་འབྱོར་མཁས་མཆོག་ ལ་ལུ་ཅིག་གིས་ ཨེ་ཤི་ཡའི་ལུང་ཕྱོགས་ནང་ རྒྱ་གར་གྱི་ རུ་པི་དེ་ ད་རེས་སྐབས་ཅིག་ ལུང་ཕྱོགས་ནང་ རྒྱལ་ཁབ་གཞན་དང་ཕྱདཔ་ད་ གནས་སྟངས་སྐྱོ་ཤོས་ཅིག་གི་གྲས་ཁར་ བརྩི་འཇོག་འབད་བའི་ཁར་ གནས་སྟངས་དེ་གིས་ རྒྱ་གར་རྒྱལ་ཁབ་ནང་ ཕྱིའི་མ་རྩ་བཙུགས་མི་ ལེ་ཤ་ཅིག་གིས་ མ་རྩ་བཙུག་ནི་ཡང་ བཤོལ་བཞག་འབད་ཡོདཔ་ད་ དེ་གིས་ ད་རུང་ ཧེང་བཀལ་ར་ རྒྱ་གར་ལུ་ ཡུ་ཨེསི་ཌོ་ལར་གྱི་འབྱུང་ཁུངས་ལུ་ ཐོ་ཕོག་ནི་ཨིནམ་ལས་ རུ་པི་གི་གནས་གོང་ལུ་ མར་ཉམས་འབྱུང་ནི་གི་འོས་འབབ་ཡོད་ཟེར་ཨིན་པས།
རྒྱ་གར་ལུ་ དེ་བཟུམ་མའི་ རུ་པི་གི་གནས་ གོང་མར་ཉམས་འགྱོ་བའི་ གནས་སྟངས་དེ་གིས་ སྣུམ་འཁོར་གྱི་ རིན་གོང་ཡར་འཕར་རྐྱངམ་གཅིག་ལུ་མིན་པར་ གློག་རིག་གི་ འཕྲུལ་ཆས་ཚུ་དང་འབྲེལ་བའི་ ཅ་ཆས་ཚུ་གི་རིན་གོང་ཚུ་ཡང་ ཡར་འཕར་འགྱོ་ནིའི་ འོས་འབབ་ཡོདཔ་ད་ དེ་ཡང་ ཕྱི་ལས་བཟོ་སྐྲུན་མཁོ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ ཡུ་ཨེསི་ཌོ་ལར་རེ་ལུ་ རུ་པི་ལེ་ཤ་སྤྲོད་དགོ་ནི་དེ་གིས་ གྱོང་རྒུད་ཕོག་དོ་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment