གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་འབྱ་གི་ ཡོངས་གྲགས་ཅན་གྱི་གཡང་འཕེལ་མདའ་རྩེད་འགྲན་བསྡུར་ ཁ་ཙ་འགོ་བཙུགས་ཡོདཔ།

༡༧/༧/༢༠༡༢   ༉ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་ཅིག་ཨིན་མི་ གཡང་འཕེལ་ལོ་བསྟར་མདའ་རྩེད་འགྲན་བསྡུར་ཐེངས་༡༦ པ་དེ་ ཁ་ཙ་ལས་རྩེད་འགྲན་འབད་ནི་འགོ་བཙུགས་ཡོདཔ་ད་ རྩེད་འགྲན་ནང་ རྫོང་ཁག་༢༠ ལས་ སྡེ་ཚན་༢༦༠ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ད་ཚུན་གྱི་རིང་ལུ་ རྩེད་འགྲན་འབད་མིའི་གྱངས་ཁ་ མཐོ་ཤོས་ཅིག་ཨིན་པས།


རྩེད་འགྲན་ཐེངས་དང་པ་དེ་ སྤྱི་ལོ་༡༩༩༧ ལུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ སྡེ་ཚན་༢༣ གྱིས་ བཅའ་མར་གཏོགས་ཡོདཔ་ལས་ ལོ་དེ་ནང་ སྡེ་ཚན་བཅའ་མར་གཏོགས་དེ་ དམའ་ཤོས་ཅིག་སྦེ་གནས་ཡོདཔ་ཨིན་པས།
གནས་ཐོ་དང་འཁྲིལཝ་ད་ ན་ཧིང་ སྤྱི་ལོ་༢༠༡༡ ལུ་ སྡེ་ཚན་༢༥༢ ཀྱིས་ བཅའ་མར་གཏོགས་མི་དེ་ མཐོ་ཤོས་ཅིག་སྦེ་ཡོདཔ་ཨིན་རུང་ དུས་ཅི་འབད་བའི་བསྒང་ལས་ ཨང་༢ པའི་ནང་ཚུད་ཡོདཔ་ཨིན་པས།
དུས་ཅིའི་ལོ་ནང་ ཐིམ་ཕུ་རྫོང་ཁག་དང་ ཁྲོམ་སྡེ་ལས་ བཅའ་མར་གཏོགས་མི་སྡེ་ཚན་༩༠ དེ་ མཐོ་ཤོས་དང་ བུམ་ཐང་དང་ མོང་སྒར་རྫོང་ཁག་༢ ནང་ལས་སྡེ་ཚན་༡༠ རེ་འབད་མི་དེ་ དམའ་ཤོས་ཨིན་པས།
རྫོང་ཁག་༢༠ འི་རྩེད་འགྲན་ནང་ བཅའ་མར་གཏོགས་མི་སྡེ་ཚན་ དཔེ་འབད་བ་ཅིན་ མོང་སྒར་རྫོང་ཁག་ནང་ ཤར་ཕྱོགས་རྫོང་ཁག་བཞི་དང་ ཧཱ་གི་སྡེ་ཚན་དེ་ སྤ་རོ་རྫོང་ཁག་ གཞལམ་སྒང་དེ་ ཀྲོང་གསར་ལུ་དང་ རྫོང་ཁག་ལྟེ་བའི་རྩེད་འགྲན་འབད་མི་  དབང་འདུས་ མགར་ས་ཚུ་ སྤུ་ན་ཁ་ལུ་དང་ ཆུ་ཁ་གི་སྡེ་ཚན་དེ་ ཕུན་ཚོགས་གླིང་ དེ་ལས་ ལྷོ་ཕྱོགས་རྫོང་ཁག་ དར་དཀར་ནང་ གསར་སྤང་ཚུ་ རྩི་རང་རྫོང་ཁག་ནང་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།
སྤ་རོ་ལས་བཅའ་མར་གཏོགས་མི་སྡེ་ཚན་༤༦ དང་ ཕུན་ཚོགས་གླིང་ལས་ སྡེ་ཚན་༣༣ སྤུ་ན་ཁ་ལས་སྡེ་ཚན་༣༠ བཀྲིས་སྒང་ལས་སྡེ་ཚན་༡༨ ཀྲོང་གསར་རྫོང་ཁག་ལས་སྡེ་ཚན་༡༢ དེ་ལས་ རྩི་རང་རྫོང་ཁག་ནང་སྡེ་ཚན་༡༡ འབདཝ་ད་ ཡོངས་བསྡོམས་ལུ་ སྡེ་ཚན་༢༦༠ ཡོདཔ་ཨིན་པས།
གཡང་འཕེལ་མདའ་རྩེད་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་གི་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་སྡེ་ཚན་དེ་ ལོ་ཧེ་མ་དང་ཕྱདཔ་ད་ མཐོ་ཤོས་ཨིན་པའི་ཁར་ སྡེ་ཚན་རེ་ལས་ འཛུལ་ཞུགས་ཀྱི་འཐུས་ དངུལ་ཀྲམ་༩,༠༠༠ རེ་བསྡུ་ཡི་ཟེར་ཨིན་པས།
བཅའ་མར་གཏོགས་མི་སྡེ་ཚན་རེ་གིས་ ལིག་སྐོར་ཐེངས་༣ ནང་ མདའ་རྩེད་སྐོར་ཐེངས་༤༥ རེ་ རྩེད་འགྲན་འབད་ནི་དང་ ལིག་སྐོར་ཐེངས་༣ ནང་ལས་ རྒྱལ་ཁའི་སྐུགས་མཐོ་ཤོས་འཐོབ་མི་སྡེ་ཚན་ཚུ་གིས་ ནོག་ཨའུཊ་ཟེར་ ཕྱིར་འབུད་རྩེད་འགྲན་འབད་ཚུགས་ཟེར་ཨིན་པས།
དེ་ཡང་ ཐིམ་ཕུ་རྫོང་ཁག་ནང་ འབད་བ་ཅིན་ སྔགས་པའི་རོང་ཆུ་ལུ་ སྒེར་སྡེ་གིས་ བཟོ་སྐྲུན་འབད་ཡོད་པའི་རྩེད་ཐང་ ཝང་ཆུ་ཕར་ཁ་དང་ ཚུར་ཁ་ལུ་འབད་ སྡེ་ཚན་༤༥ རེ་བགོ་བཀྲམ་འབད་དེ་ རྩེད་འགྲན་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
ནོག་ཨའུཊ་སྐོར་ཐེངས་ནང་ སྡེ་ཚན་ ཡོངས་བསྡོམས་༧༢ ལྷོད་ནི་ཨིན་མི་ལས་ ཐིམ་ཕུའི་རྩེད་འགྲན་འབད་མི་སྡེ་ཚན་༩༠ ལས་ སྡེ་ཚན་༢༤ བཙག་འཐུག་འབད་ནི་དང་ དེ་གི་ལྷག་ལུས་ སྡེ་ཚན་༤༨ རྫོང་ཁག་སོ་སོའི་སྐུགས་མཐོ་ཤོས་འཐོབ་མི་ཚུ་ བཙག་འཐུ་འབད་ནི་ཨིན་པས།
ལིག་སྐོར་ཐེངས་ཀྱི་རྩེད་འགྲན་མཇུག་བསྡུ་སྟེ་ ནོག་ཨའུཊ་འགྲན་བསྡུར་དེ་ རྫོང་ཁག་ཚུ་ནང་ལས་ བཙག་འཐུ་འབད་མི་ཚུ་ག་ར་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་ནི་ཨིན་པས།
ཁ་ཙ་ རྩེད་འགྲན་འགོ་བཙུགས་ཀྱི་ཉིན་མར་ རྫོང་ཁག་༢༠ འི་རྩེད་འགྲན་པ་ཚུ་ དུས་སྟབས་ཅིག་ལུ་ སྡེ་ཚན་༥༧ གྱིས་ རྩེད་འགྲན་འབད་ཡོདཔ་ད་ ལིག་སྐོར་ཐེངས་དེ་ སྤྱི་ཟླ་༨ པའི་ཚེས་༡ ལུ་ མཇུག་བསྡུ་ནི་ཨིན་རུང་ ལིག་སྐོར་ཐེངས་ལས་ དྲག་ཤོས་འཐོན་མི་སྡེ་ཚན་༦༦ དང་ བཀག་རེག་མཐོ་ཤོས་ཕོག་མི་ ཇོ་ཀར་སྡེ་ཚན་༦ རྩིས་ཏེ་སྡེ་ཚན་༧༢ ཀྱིས་ སྤྱི་ཟླ་༨ པའི་ཚེས་༡༢ ལས་༢༣ ཚུན་དོ་འགྲན་འབད་ནི་ཨིན་པས།
ལིག་སྐོར་ཐེངས་ནང་ བཀག་རེག་མཐོ་ཤོས་ཕོག་མི་ མདའ་རྩེདཔ་༡༥ བཙག་འཐུ་འབད་ཞིནམ་ལས་ ན་ཧིང་བཟུམ་སྦེ་ར་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ སྐོར་ཐེངས་༡༥ འི་ནང་ མདའ་རྩེདཔ་དྲག་ཤོས་ཚུ་གིས་ བཀག་རེག་མཐོ་ཤོས་ཀྱི་འགྲན་བསྡུར་འབད་དེ་ ངོ་རྐྱང་གི་ ཨང་དང་པ་ གཉིས་པ་ གསུམ་པ་ཚུ་བཙག་འཐུ་འབད་ནི་ཨིན་པས།
དུས་ཅི་ལོའི་ ཀོ་ཊར་ཕའི་ནཱལ་དེ་ སྤྱི་ཟླ་༨ པའི་ཚེས་༢༡ ལས་༢༣ ཚུན་འབད་ནི་དང་ མཐའ་བཅད་འགྲན་བསྡུར་འོག་མ་དེ་ སྤྱི་ཟླ་༨ པའི་ཚེས་༢༥ དང་༢༦ ལུ་འབད་ནི་ཨིན་པའི་ཁར་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༩ པའི་ཚེས་༢ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
ལོ་བསྟར་གནང་སྲོལ་ཡོད་དོ་བཟུམ་སྦེ་ དུས་ཅི་ཡང་ ཨང་དང་པ་ གཉིས་པ་ གསུམ་པ་འཐོན་མི་ལུ་ གསོལ་རས་ཚུ་ཡོདཔ་མ་ཚད་ འགོར་ཐིག་གུ་ བཀག་རེག་མཐོ་ཤོས་ཕོག་མི་ དོ་འབྱེལ་མཐོ་ཤོས་ ཉིནམ་གཅིག་གི་ བཀག་རེག་མཐོ་ཤོས་ཕོག་མི་ཚུ་ལུ་ཡང་ གསོལ་རས་ཚུ་ཡོད་ཟེར་ མདའ་རྩེད་ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ཕོ་རྒྱ་དང་ འབྲུག་ཤོབ་པཱིང་ཀམ་པེ་ལེགསི་ དེ་ལས་ བསོད་ནམས་ཨོ་ཊོ་མོ་བཱ་ཡལ་སྡེ་ཚན་གསུམ་གྱིས་ ཨང་དང་པ་ གཉིས་པ་ གསུམ་པའི་གསོལ་རས་ཚུ་ཐོབ་ཡོདཔ་ད་ མདའ་རྩེདཔ་དྲག་ཤོས་དེ་ ཚེ་རིང་རྒྱལ་མཚན་གྱིས་ ཁྱད་འཕགས་ཅན་གྱི་མདའ་རྩེདཔ་དྲག་ཤོས་༡༥ བཙག་འཐུ་འབད་མི་ཚུ་གི་བར་ན་ དོ་འགྲན་འབདཝ་ད་ ཁོ་གིས་ སྐོར་ཐེངས་༡༥ འི་ནང་ བཀག་རེག་༡༤ རྐྱབ་སྟེ་ གསོལ་རས་སྣུམ་འཁོར་ ཨེ་ཨིས་ཊཱར་ཅིག་ ཐོབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment