གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་རྒྱུན་ལུ་བརྟེན་ མེ་རྐྱེན་བྱུང་ཡོད་པའི་དོགས་པ།

༣༠/༦/༢༠༡༢། ༉ དབང་འདུས་ཕོ་བྲང་རྫོང་ལུ་ མེ་མཆོད་བཞེས་མི་དེ་ གློག་རྒྱུན་ལུ་བརྟེན་ཏེ་ བྱུང་ཡོད་པའི་ དོགས་པ་ཆགས་ཡོདཔ་ཨིན་རུང་ ད་ལྟོ་ དེ་གི་སྐོར་ལས་ ཧིང་སངས་ས་སྦེ་ ཤེས་མ་ཚུགས་པར་ ཡོདཔ་ཨིན་པས།
རྫོང་གི་ཉེ་འདབས་ལས་ཕར་ སྡོད་མི་ལ་ལུ་ཅིག་གིས་འབད་བ་ཅིན་ དེ་ཚེ་ཉིན་མར་ དྲོ་པ་ལས་ར་ གློག་མེ་མ་འོང་ཟེར་ཨིནམ་ད་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ གློག་མེ་འབར་ཡི་ར་ ད་རུང་ཤི་སྟེ་ ཚར་༣ སྡོད་ཡི་ཟེར་ སླབ་ཨིན་པས།


མི་ཚུ་གིས་འབད་བ་ཅིན་ མེ་འབར་བའི་སྐབས་ གློག་ཤུགས་ཆེ་དྲགས་སྦེ་ འོང་མི་ལུ་བརྟེན་ སྡོད་ཁྱིམ་ལ་ལུ་ཅིག་ནང་ གློག་ཤེལ་ཊུབ་ལ་འེཊི་དང་ བཱལཔི་ དེ་ལས་ ཁྱེགས་སྒྲོམ་དང་ རྒྱང་མཐོང་ཊི་བི་ཚུ་ཡང་ མེདཔ་ཐལ་ཡོདཔ་སྦེ་ སླབ་ཅི།
རྫོང་གི་ཉེ་འདབས་ལུ་སྡོད་མི་ ཕུན་ཚོགས་ཀྱིས་འབད་བ་ཅིན་ དྲོ་པ་ལས་ མེ་ཤི་སྟེ་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ མེ་ལྷོད་ཡོདཔ་ད་ དེ་བསྒང་ མོ་གིས་ ཁྱིམ་ནང་ མེ་བཏེགས་པའི་སྐབས་ གློག་ཤེལ་བཱལཔི་༡ འཚིགས་ཡོདཔ་མ་ཚད་ ཊུབ་ལ་འེཊི་༡ ཡང་ འཚིགས་སོ་ཡི་ཟེར་ སླབ་ཨིན་པས།
དེ་མ་ཚད་ མོ་གིས་ རླུང་འཁོར་པང་ཁ་བཏང་པའི་སྐབས་ལུ་ཡང་ ཤུགས་ཚད་དང་པ་ལུ་ མར་ཕབ་འབད་རུང་ གནམ་མེད་ས་མེད་ཤུགས་སྦེ་ བསྒྱིར་ཡོདཔ་མ་ཚད་ མེ་དེ་ཡང་ བཀྱག་མདངས་མདངས་སྦེ་ འབར་སར་མཐོང་བའི་ཤུལ་ལུ་ འབྲུག་གློག་མེ་ལས་འཛིན་ལུ་ བརྒྱུད་འཕྲིན་གཏང་ནི་འབདཝ་ད་ བརྒྱུད་ལམ་དལཝ་མེད་མི་ལུ་བརྟེན་ མཐུད་སྦྲེལ་འབད་མ་ཚུགས་ཟེར་ སླབ་ཨིན་པས།
དེ་བསྒང་ གློག་ཤུགས་ཚད་ལས་བརྒལ་ཏེ་ ཡོདཔ་ཤེས་ནི་དེ་གིས་ དེ་འཕྲལ་ལས་ གློག་མེ་བསད་བཞག་ཅི་ཟེར་ཨིནམ་ད་ དེ་མེན་པ་ཅིན་ མོ་གི་ རྒྱང་མཐོང་ཊི་བི་དང་ ཁེྱགས་སྒྲོམ་ཚུ་ཡང་ མེདཔ་ཤོར་སོཔ་འོང་ཟེར་ སླབ་ཨིན་པས།
དེ་ལས་ དུས་ཡུན་དུམ་གྲ་ཅིག་གི་རྒྱབ་ལས་ རྫོང་ནང་ མེ་རྐྱེན་བྱུང་ནུག་ཟེར་ མི་ཚུ་ འུར་བྱེལ་འཐབ་སྟེ་ རྫོང་ཁ་ཐུག་ལུ་ རྒྱུག་འགྱོ་སར་ མཐོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨ་ལུ་༢ ཀྱི་ ཨའི་ཨིན་མི་ ཨེ་མི་ཏ་ སུ་བྷ་གིས་ སླབ་མིའི་ནང་ དེ་ཚེ་ཉིན་མར་ གློག་མེ་རྩ་ལས་ར་ མ་ལྷོདཔ་ལས་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ ལོག་ལྷོད་ཡོདཔ་མཐོང་སྟེ་ མོ་རའི་ རྒྱང་མཐོང་ཊི་བི་ བཏེགས་པའི་སྐབས་ ཊི་བི་གི་རྒྱབ་ལས་ དུ་པ་ཐོན་པའི་ཤུལ་ལུ་ མེདཔ་ཐལ་སོ་ཡི་ཟེར་ཨིན་པས།
དེ་ལས་ མོ་ར་ ཁྱིམ་ནང་སྡོད་ནི་ལུ་འདྲོག་སྟེ་ ཚ་ཉེར་བཏོན་ཏེ་ ཁྱིམ་གྱི་ཕྱི་ཁར་ ཐོན་པའི་སྐབས་ མི་ཚུ་ཆ་མཉམ་ར་ རྫོང་ནང་ མེ་རྐྱེན་བྱུང་ཡོད་པའི་སྐོར་ལས་ སྐད་རྐྱབ་སྡོད་ནུག་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ རྫོང་ནང་ མེ་རྐྱེན་བྱུང་སྟེ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ འབྲུག་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་འོང་སྟེ་ གློག་མེ་ཚུ་ མཐུད་སྦྲེལ་ས་གོ་ ཨེམ་སི་བི་ལས་ར་ བསད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་ ཆོས་རྒྱལ་དབང་འདུས་ཀྱིས་འབད་བ་ཅིན་ ཉིནམ་དེ་ཁར་ གློག་མེ་མ་ཐོབ་པའི་སྐོར་ལས་ ཉོགས་བཤད་ཀྱི་ བརྒྱུད་འཕྲིན་ཚུ་ མ་ལྷོད་ཟེར་ཨིནམ་ད་ ཨིན་རུང་ བླམ་གནས་བརྟན་གྱིས་ རྫོང་གི་ནང་ན་ཡོད་པའི་ ཁོ་རའི་ གཟིམ་ཅུང་ནང་ གློག་ཐག་འཚིགས་པའི་ དྲིམ་འོང་དོ་ཡོད་པའི་སྐོར་ལས་ བརྒྱུད་འཕྲིན་ལྷོད་དེ་ འཐུ་བའི་བསྒང་ལས་ རྫོང་བདག་གིས་ཡང་ ཁོ་གི་འགྲུལ་འཕྲིན་ནང་ ཡིག་འཕྲིན་ཅིག་ བཏང་བཞག་ཡོདཔ་ མཐོང་ཡི་ཟེར་ སླབ་ཨིན་པས།
དེ་དང་གཅིག་ཁར་ འབྲུག་བརྒྱུད་འཕྲིན་གྱི་ ཡིག་ཚང་ལས་ཡང་ ཁོང་གི་ ཡིག་ཚང་གི་ཉེ་འདབས་ལུ་ གློག་ཐག་ལས་ སྐད་རྐྱབ་དོ་ཡོད་པའི་ སྙན་ཞུ་ཅིག་ ལྷོད་མི་དང་འཁྲིལ་ ས་ཁོངས་དེ་ནང་གི་ གློག་རྒྱུན་བཟོ་མི་དེ་ ཉམས་བཅོས་འབད་བར་ བཏང་པའི་སྐབས་ ས་འོག་གློག་ཐག་གུ་ དོང་སྤེད་ཡོདཔ་མཐོང་སྟེ་ བསུབས་ནུག་ཟེར་ཨིན་པས།
དེ་ལས་ འཛིན་སྐྱོང་འགོ་དཔོན་ཁོ་ར་དང་ གཞན་ལས་བྱེདཔ་དག་པ་ཅིག་ རྫོང་གི་ནང་ན་སོང་སྟེ་ ཞིབ་དཔྱད་འབད་ལྟཝ་ད་ གློག་ཐག་འཚིགས་པའི་དྲིམ་ མ་ཚོར་ཟེར་ཨིནམ་ད་ ལོག་ཕྱི་ཁར་ཐོན་ཏེ་ གློག་མེ་བཀྲམ་སྤེལ་ཁང་ཆུང་བའི་ནང་ དབྱེ་ཞིབ་འབད་བའི་ལྟ་བའི་བསྒང་ལས་ གློག་མེའི་ མཐུད་སྦྲེལ་ཐགཔ་༣ ཡོད་ས་ལས་༡ མེདཔ་ཐལ་ཡོདཔ་ མཐོང་ཡི་ཟེར་ སླབ་ཨིན་པས།
མ་གཞི་ དེ་བཟུམ་མའི་ གློག་མེ་མཐུད་སྦྲེལ་གྱི་ཐགཔ་ཚུ་ མེདཔ་ཐལ་བའི་བསྒང་ལས་ ས་གནས་ལ་ལུ་ཅིག་ནང་ གློག་ཤུགས་མཐོ་དྲགས་དང་ ལ་ལུ་ཅིག་ནང་ གློག་ཤུགས་ཉུང་དྲགས་ ཐལ་དོ་ཡོདཔ་ཨིན་རུང་ དེ་ལུ་ ཉེན་ཁ་ག་ཅི་ཡང་མེད་ཟེར་ ཆོས་རྒྱལ་དབང་འདུས་ཀྱིས་ སླབ་ཨིན་པས།
དེ་ཅིག་བར་ན་ རྫོང་ནང་ མེ་འབར་ནུག་ཟེར་སླབ་སྟེ་ མི་ཚུ་ འུར་བྱེལ་འཐབ་སར་ མཐོང་ཡོདཔ་ད་ གཞན་འབད་བ་ཅིན་ རྫོང་ཁག་གི་ གློག་མེའི་ལས་བྱེདཔ་ཚུ་ ལོགས་སུ་སྦེ་ར་ ཡོད་མི་ལུ་བརྟེན་ འབྲུག་གློག་མེ་ལས་འཛིན་གྱིས་ རྫོང་གི་ནང་ན་ གློག་མེའི་གནས་སྟངས་ཚུ་ ལྟ་ཞིབ་འབད་ནི་མེད་ཟེར་ཨིན་པས།
དེ་ལས་ ཁ་ཙ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ མེ་བསད་སྡེ་ཚན་དང་ ཁྲིམས་སྲུང་འགག་པ་ དེ་ལས་ འཚོལ་ཞིབ་ཀྱི་ལཱ་འབད་མི་ཚུ་གིས་ དབང་འདུས་རྫོང་ནང་ མེ་བསད་ནིའི་ ལཱ་ཚུ་འབད་ཡོདཔ་མ་ཚད་ རྫོང་ཁག་གི་ དངུལ་རྩིས་སྡེ་ཚན་ཡིག་ཚང་ནང་ལས་ དངུལ་རྐྱང་འབུམ་༦༠ དེ་ཅིག་ཡོད་པའི་ དོགས་པ་ཡོད་མི་ ལྕགས་སྒྲོམ་དེ་ཡང་ ཐོབ་ནུག།
མེ་བསད་ཀྱི་ ལཱ་དེ་ཡང་ མེ་བསད་སྣུམ་འཁོར་ལས་ ཆུ་དུང་ཚུ་ རྫོང་ནང་ཆུ་འཐེན་ཐོག་ལས་ འབད་དོ་ཡོདཔ་ཨིན་རུང་ སྤུ་ན་གཙང་ཆུའི་ མེ་བསད་སྡེ་ཚན་གྱི་ ལས་བྱེདཔ་ཅིག་གིས་འབད་བ་ཅིན་ ཁ་ཙ་ སྡེ་ཚན་དེ་གིས་ རྫོང་གི་དབུ་རྩེ་ཚུན་ མེ་བསད་ཀྱི་ལཱ་འབད་ཡོད་རུང་ ཧིང་སངས་ས་སྦེ་ར་ བསད་ནི་ལུ་ ད་རུང་ བདུན་ཕྲག་༡ དེ་ཅིག་ འགོར་ནི་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།



No comments:

Post a Comment