གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༢ ཀྱིས་ གནས་སྟངས་སྙན་ཞུ་བཙུག་ནི་དེ་ ཕར་ཕུད་རྐྱབ་ཡོདཔ།

༣༠/༦/༢༠༡༢། ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་༢ ལུ་ ཚོགས་པའི་བུ་ལོན་ཚུ་ ད་རིས་ ག་ར་བཏབ་ཚར་དགོཔ་སྦེ་ བཀའ་རྒྱ་བཏོན་མི་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ཚུན་ ཕར་ཕུད་རྐྱབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ བཙག་འཐུའི་ཤུལ་ལས་ བུ་ལོན་ནང་ཚུད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱིས་ གོང་ཚེས་ནང་འཁོད་ལུ་ ཚོགས་པའི་འོང་འབབ་གནས་སྟངས་དང་ ཟད་འགྲོའི་གནས་ཐོ་ ཚོགས་པའི་རྒྱུ་དངོས་ འཐུས་མི་ དེ་ལས་ ཚོགས་པའི་ཡིག་ཚང་དང་ ལས་བྱེདཔ་ཚུ་གི་ཐོ་དང་ གནས་སྟངས་ཚུ་ ཁ་གསལ་བཀོད་པའི་ ཡིག་ཆ་ཚུ་ ལྷན་ཚོགས་ལུ་ བཙུག་དགོཔ་ཨིན་པས།


ཚོགས་པ་༢ ཀྱིས་ ཁོང་རའི་ གནས་སྟངས་སྙན་ཞུ་ཚུ་ ལྷན་ཚོགས་ལུ་ བཙུག་པའི་ཤུལ་ལུ་ དབྱེ་ཞིབ་འབད་ཞིནམ་ལས་ ཆ་འཇོག་གི་གནས་སྟངས་དེ་ མི་མང་ལུ་ གསལ་བསྒྲགས་འབད་འོང་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ བདེ་སྐྱིད་པདྨ་གིས་ སླབ་ཨིན་པས།
སྲིད་ཚོགས་༢ ཆ་རང་གིས་ ཟླ་རིམ་བཞིན་དུ་ ཁོང་རའི་ བུ་ལོན་ཆགས་མི་ཚུ་ བསང་ཐབས་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ བུ་ལོན་མཇུག་ར་ བརྡ་བརྒྱུད་ལས་ཁང་ ཀུན་གསལ་དང་ བུ་ཊཱན་ཊ་འེམསི་ དེ་ལས་ འབྲུག་གནས་ལུགས་༣ ལུ་ དངུལ་ཀྲམ་ས་ཡ་༡.༣ དེ་ཅིག་ཡོད་མི་དེ་ བཏབ་ཡོདཔ་ཨིན་པས།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ འཕྲིན་ལས་རྒྱ་མཚོ་གིས་ སླབ་མིའི་ནང་ མ་དངུལ་དེ་ ཚོགས་པའི་འཐུས་མི་ཚུ་ལས་ ཞལ་འདེབས་ལྷང་ཐོག་ལས་ བཏབ་ཅི་ཟེར་ཨིན་པས།
དངུལ་ཁང་ཚུ་ལུ་ བུ་ལོན་དངུལ་ཀྲམ་ས་ཡ་༡༥ ཡོད་མི་དེ་ སྐྱེད་དངུལ་ཀྲམ་ས་ཡ་༢༠ ལུ་ ལྷོད་ཡོད་མི་དེ་ འདས་པའི་ཟླཝ་ དག་པ་ཅིག་གི་ཧེ་མར་ བཏབ་ཡོདཔ་ད་ དེ་ཡང་ འཐུས་མི་ཚུའི་ ཞལ་འདེབས་ཀྱིས་མ་ཚད་ ཚོགས་པའི་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ དངུལ་ཀྲམ་༡༠༠,༠༠༠ རེ་ ལྷན་ཐབས་འབད་ཡོད་པའི་ཁར་ བློན་པོ་ཚུ་གིས་ དངུལ་ཀྲམ་༢༠༠,༠༠༠ རེ་ ལྷན་ཐབས་འབད་ཡི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཚོགས་པའི་བུ་ལོན་ཚུ་ བཏབ་ནིའི་དུས་ཡུན་ ཕྱིར་འགྱངས་གནང་དགོ་པའི་ ཞུ་བ་འབད་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་ཡོདཔ་ཨིན་པས།
ཚོགས་པའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བུ་ལོན་ཚུ་ བསང་ཐབས་ལུ་ ཤུགས་བཏོན་དོ་ཟེར་ཨིནམ་ད་ ཚོགས་པའི་འཐུས་མི་ཚུ་གིས་ ལྷན་ཐབས་འབད་ནི་གི་ ཁས་ལེན་འབད་ཡོདཔ་ཨིན་རུང་ ད་ལྟོ་ དངུལ་ཁང་ཚུ་གི་ རྩིས་ལོ་མཇུག་བསྡུའི་ དུས་ཚོད་ཕོགཔ་ལས་ ཁས་ལེན་འབད་མི་ཚུ་གིས་ ད་ལྟོ་ ཁས་ལེན་འབད་ཡོད་པའི་ ལྷན་ཐབས་མ་དངུལ་ བཙུགས་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པ་ལུ་ བུ་ལོན་དངུལ་ཀྲམ་ས་༢༢ དེ་ཅིག་ ཡོད་མིའི་ནང་ལས་ མང་ཤོས་ར་ བཏབ་ཚར་ཡི་ཟེར་ཨིནམ་ད་ ལྷག་ལུས་དེ་ བདུན་ཕྲག་༡ དེ་ཅིག་ནང་ བཏབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཚོགས་པ་དེ་གིས་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ བུ་ལོན་བཏབ་ནི་ཡོད་མི་ཚུ་ མར་ཕབ་འབད་ཐབས་ཀྱི་ གྲོགས་རམ་འཚོལ་ནིའི་དོན་ལུ་ སྤྱི་ཟླ་༤ པའི་ནང་ ཞུ་ཡིག་ཚུ་ བསྐྱལ་ཡོདཔ་ཨིན་རུང་ ལ་ལུ་གིས་ ངོས་ལེན་འབད་ཡོད་རུང་ ལ་ལུ་གིས་ བཀོད་ཚོགས་ནང་ གྲོས་བསྡུར་གྱི་དོན་ལུ་ བཙུག་དོ་ཟེར་བའི་ ལན་གསལ་ལྷོད་ཅི་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་བཤད་ཅི།
བུ་ལོན་མཐོ་ཤོས་ར་ བཙག་འཐུའི་དོན་ལུ་ སྐུལ་བསྒྲགས་དང་ གོམས་འདྲིས་ལྟ་སྐོར་ དེ་ལས་ གཡུས་ཚན་ཚུ་ནང་གི་ ཚོགས་པའི་འཐུས་མི་ངོ་ཚབ་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ སྤྲོད་ནིའི་དོན་ལུ་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment