གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགོ་དང་པ་ འཕྲུལ་གླང་པ་ཝར་ཊི་ལར་ ལག་ལེན་འཐབ་ཡོདཔ།

འཕྲུལ་གླང་ལག་ལེན་འཐབ་ད་ ལཱ་གི་དུས་ཡུན་ མར་ཕབ་རྐྱབ་ཚུགས་པའི་ཁར་ ལཱ་འབད་ནི་ལུ་ཡང་ འཇམ་ཏོང་ཏོ་བཟོཝ་ལས་ ཨ་རྟག་བཟུམ་སྦེ་ དཀའཝ་སྤྱད་ མི་དགོ་པས་ཟེར་ སོ་ནམ་པ་ཚུ་གིས་ སླབ་ཨིན་པས།

པདྨ་ཐང་རྒེད་འོག་ནང་ འགོ་དང་པ་ འཕྲུལ་གླང་གིས་ ཞིང་རྨོ་བའི་བསྒང་།
༢/༧/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་ལུ་ པདྨ་ཐང་དང་ ཕུན་ཚོགས་ཐང་རྒེད་འོག་གི་ མི་སེར་ཚུ་གིས་ ཧེ་མ་འབད་བ་ཅིན་ ཆུ་ཞིང་ཚུ་ གླང་ལག་ལེན་འཐབ་ཐོག་ལས་ རྨོ་དོ་ཡོདཔ་ཨིན་རུང་ འདས་པའི་ཟླཝ་ནང་ལས་ འགོ་བཙུགས་ཏེ་ ཞིང་པ་ཚུ་གིས་ འགོ་དང་པ་ འཕྲུལ་གླང་པ་ཝར་ཊི་ལར་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དེ་ཡང་ མི་སེར་ཚུ་གིས་ སོ་ནམ་འཕྲུལ་ཆས་ལྟེ་བའི་ནང་ འཐུས་མི་སྦེ་ འཛུལ་མི་ལུ་བརྟེན་ཏེ་ཨིནམ་ད་ ལྟེ་བ་དེ་ནང་ རྒེད་འོག་གི་ སོ་ནམ་འགོ་དཔོན་ཚུ་གིས་ རྒྱབ་སྐྱོར་འབད་བའི་ཁར་ པ་ཝར་ཊི་ལར་༢ ཡོདཔ་ཨིན་པས།
སོ་ནམ་ཞིང་པ་ཚུ་གིས་འབད་བ་ཅིན་ འཕྲུལ་གླང་ལག་ལེན་འཐབ་ད་ ལཱ་གི་དུས་ཡུན་ མར་ཕབ་རྐྱབ་ཚུགས་པའི་ཁར་ ལཱ་འབད་ནི་ལུ་ཡང་ འཇམ་ཏོང་ཏོ་བཟོཝ་ལས་ ཨ་རྟག་བཟུམ་སྦེ་ དཀའཝ་སྤྱད་མི་དགོ་པས་ཟེར་ སླབ་ཨིན་པས།



པདྨ་ཐང་ལས་ སོ་ནམ་ཞིང་པ་ ཉི་མ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོ་གི་ ཆུ་ཞིང་ཌེ་སི་མཱལ་༥༠ རྨོ་ནིའི་དོན་ལུ་ གླང་དོ་གཅིག་གིས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་དོ་ཡོདཔ་ཨིན་རུང་ ད་རེས་ འཕྲུལ་གླང་གིས་ ཆུ་ཚོད་༡ དེ་ཅིག་ནང་ར་ རྨོ་ཚརཝ་མས་ཟེར་ཨིན་པས།
སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ སོ་ནམ་པ་གཞན་ཅིག་གིས་ སླབ་མིའི་ནང་ ཁོ་གི་ཞིང་དེ་ འདས་པའི་བདུན་ཕྲག་ནང་ རྨོ་ཡོདཔ་ལས་ གླང་ཚུ་ ལག་ལེན་འཐབ་ནི་བ་ འཕྲུལ་གླང་དེ་ར་ དྲག་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་བཟུམ་སྦེ་ མི་དང་ སེམས་ཅན་གྱི་ ཁེ་རྒོ་བཏོན་མ་དགོ་པའི་ཁར་ ལཱ་ཡང་ ཚ་ངེར་བཏོན་ཏེ་ མཇུག་བསྡུ་ཚུགསཔ་མ་ཚད་ འཕྲུལ་གླང་ལག་ལེན་གྱི་དོན་ལུ་ ཟད་འགྲོ་ཚུ་ཡང་ འཇམ་མས་ཟེར་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་སེར་ཚུ་ལས་ གླ་འཐུས་ཡང་ ཌེ་སི་མཱལ་༥༠ རེ་ རྨོ་ནིའི་དོན་ལུ་ དངུལ་ཀྲམ་༡༧༥ རེ་ལས་བརྒལ་ མི་ལེན་དོ་ཡོདཔ་ད་ དེ་ཡང་ སའི་ཆགས་ཚུལ་དང་འཁྲིལ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ནང་ མཇུག་བསྡུ་ཚུགསཔ་ཨིན་ཟེར་ཨིན་པས།
ཕུན་ཚོགས་ཐང་གི་ རྒེད་འོག་སོ་ནམ་འགོ་དཔོན་ ཆོས་ཉིད་ལྷ་མོ་གིས་འབད་བ་ཅིན་ དེ་བཟུམ་མའི་ འཕྲུལ་ཆས་ཀྱི་ ཞབས་ཏོག་ཚུ་ཡང་ ན་ཧིང་ ལྟེ་བའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ སོ་ནམ་ཞིང་པ་ཚུ་ལུ་རྐྱངམ་གཅིག་ བྱིན་ནུག་ཟེར་ཨིནམ་ད་ པདྨ་ཐང་རྒེད་འོག་ནང་ལས་ འཐུས་མི་གུང་པ་༥༦ དང་ ཕུན་ཚོགས་ཐང་ལས་༣༣ ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ འགོ་ཐོག་ ལྟེ་བ་དེ་ གཞི་བཙུགས་འབད་བའི་སྐབས་ མི་སེར་ཚུ་ལུ་ རྒྱུད་བསྐུལ་འབད་དེ་ འཐུས་མི་སྦེ་བཙུག་ནི་ལུ་ ལཱ་ཁག་རྐྱབ་ཡོདཔ་ཨིན་རུང་ ད་རེས་ མི་སེར་འཐུས་མི་ཚུ་གིས་ འཕྲུལ་གླང་ཚུ་ ལག་ལེན་འཐབ་སར་ མཐོང་བའི་བསྒང་ལས་ གཞན་ཚུ་གིས་ཡང་ འཐུས་མི་སྦེ་ འཛུལ་ནི་ལུ་ སྤྲོ་བ་བསྐྱེདཔ་མས་ཟེར་ཨིན་པས།
ལྟེ་བ་དེ་ རྒེད་འོག་༢ ནང་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ཆུ་ཞིང་རྒྱ་ཆེ་དྲགས་སྦེ་ ཡོད་མི་དང་འཁྲིལ་ཏེ་ཨིནམ་ད་ པདྨ་ཐང་ལུ་འབད་བ་ཅིན་ ཆུ་ཞིང་ཨེ་ཀར་༦༢༥ དང་ ཕུན་ཚོགས་ཐང་ལུ་ ཨེ་ཀར་༥༠༠ ཡོདཔ་ཨིན་པས།
ཆོས་ཉིད་ལྷ་མོ་གིས་འབད་བ་ཅིན་ འཕྲུལ་གླང་ཚུ་གི་དོན་ལུ་ ཆུ་ཚོད་རེ་ལུ་ དངུལ་ཀྲམ་༡༧༥ རེ་ ལེན་ས་ལས་༥༠ འཕྲུལ་གླང་བཏང་མི་ལུ་ གླ་ཆ་སྦེ་ སྤྲོད་དོ་ཡོདཔ་ད་ དངུལ་ཀྲམ་༡༢༥ འཕྲུལ་གླང་ཉམས་བཅོས་འབད་ནི་དང་ མར་ཁུ་བླུགས་ནིའི་དོན་ལུ་ བཞག་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྒེད་འོག་༢ ནང་ སོ་ནམ་ཞིང་པ་ཚུ་གིས་ སྡེ་ཚན་ལེ་ཤ་ཅིག་ར་ བཟོ་ཡོད་མི་ཚུ་ལུ་ འཕྲུལ་གླང་ཚུ་ མངམ་སྦེ་ ལེན་དགོཔ་ཡོདཔ་མ་ཚད་ སྡེ་ཚན་གསརཔ་ཚུ་གི་དོན་ལུ་ འཕྲུལ་གླང་༣ ལོགས་སུ་སྦེ་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ རྒེད་འོག་༢ ལས་ སོ་ནམ་ཞིང་པ་༥ རེ་འབདཝ་ད་༡༠ ལུ་ འཕྲུལ་གླང་གཏང་ནིའི་ སྦྱོང་བརྡར་བྱིན་ཏེ་ཡོདཔ་ད་ ཁོང་གིས་ རང་སོའི་རྒེད་འོག་ནང་ སྐོར་རྒྱབ་ཐོག་ལས་ འཕྲུལ་གླང་ཚུ་ བཏང་དོ་ཡོདཔ་ཨིན་པས།
པདྨ་ཐང་གི་ ཆུ་ཞིང་ཚུ་ འདས་པའི་བདུན་ཕྲག་ནང་ རྨོ་ཚར་ཏེ་ འཕྲུལ་གླང་ཚུ་ ཕུན་ཚོགས་ཐང་རྒེད་འོག་ནང་འབག་ནིའི་ ལས་རིམ་ཡོདཔ་ཨིན་རུང་ རྒེད་འོག་དེ་ནང་ འགྱོ་སའི་ལམ་ཁར་ཡོད་མི་གཙང་ཆུ་ བྲེས་མི་ལུ་བརྟེན་ འགྱོ་མ་ཚུགས་ཟེར་ པདྨ་ཐང་རྒེད་འོག་གི་ སོ་ནམ་འགོ་དཔོན་ དབང་ཕྱུག་གིས་ སླབ་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment