གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་ཆོས་གླིང་ལུ་ ཁྱིམ་༢ ཆ་ཤས་རེ་ བརྡལ་བཤིག་བཏང་ཡོདཔ།

འདག་སྦྱར་བཞི་སྒོརམ་སྦེ་རྐྱབ་མི་ ཁྱིམ་བརྡལ་ཡོད་རུང་ ཁྱིམ་ཏོག་ཆ་ཤས་ཅིག་ བཤིག་བཏང་མི་ སྒྲིང་ཁྱིམ་གཞན་མི་དེ་ བདུན་ཕྲག་༢ ནང་ བརྡལ་བཤུབ་གཏང་དགོཔ།

༢/༧/༢༠༡༢   ༉ དགེ་ལེགས་ཕུག་དྲུང་ཁག་བདག་སྐྱོང་གིས་ ཞག་དུས་དང་འཁྲིལ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ འཇིགས་མེད་ཆོས་གླིང་ལུ་ ལམ་གྱི་ཐོབ་དབང་ནང་རྐྱབ་མི་ ཁྱིམ་༡ བརྡལ་བཏང་ཡོདཔ་མ་ཚད་ ཁྱིམ་གཞན་མིའི་ ཁྱིམ་ཏོག་ཆ་ཤས་ཅིག་ བཤུབ་བཏང་ཡོདཔ་ཨིན་པས།


དྲུང་པ་པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ གཞུང་གི་ས་ཆ་དང་ འཁོར་ལམ་གྱི་ ཟུར་ཁ་ལས་ ཕིཊ་༥༠ འི་ནང་འཁོད་ལུ་རྐྱབ་མི་ ཁྱི་ན་མ་ཡ་གུ་རུང་གི་ཁྱིམ་ འདག་སྦྱར་བཞི་སྒོརམ་སྦེ་རྐྱབ་མིའི་ སྒོ་དག་ སྒོ་སྒྲིག་ཚུ་ག་ར་ བཤུབ་བཏང་ཡོད་རུང་ ཐོག་ཚད་༢ འབད་མི་ རྩི་སའི་སྒྲིང་ཁྱིམ་གྱི་ ཁྱིམ་ཐོག་ཆ་ཤས་རྐྱངམ་གཅིག་ བཤུབ་བཏང་ཡི་ཟེར་ཨིན་པས།
དྲུང་པ་གིས་འབད་བ་ཅིན་ སྒྲིང་ཁྱིམ་དེ་ཡང་ རྩ་བ་ལས་ བརྡལ་བཤུབ་གཏང་དགོཔ་ཨིན་རུང་ ཁྱིམ་གྱི་ཇོ་བདག་ ཚེ་རིང་དབང་འདུས་དང་ ཁོ་གི་བཟའ་ཚང་འཐུས་མི་ཚུ་གིས་ ཁོང་ར་གིས་འབད་ར་ བཤུབ་གཏང་ནི་ཨིནམ་ལས་ བདུན་ཕྲག་༢ ཀྱི་ ཞག་དུས་ཅིག་གནང་ཟེར་ གསོལཝ་བཏབ་མི་ལུ་བརྟེན་ ཐབ་ཚང་ཁ་ཐུག་གི་ ལྕགས་ཤོས་ཚུ་རྐྱངམ་གཅིག་ བཤུབ་བཏང་ཡི་ཟེར་ཨིན་པས།
ཚེ་རིང་དབང་འདུས་དང་ ཁོ་གི་ ཨ་ལུ་ཚུ་གིས་ ཁོང་རའི་ཁྱིམ་དེ་ བདུན་ཕྲག་༢ ནང་ བརྡལ་བཤུབ་གཏང་ནི་གི་ མིང་རྟགས་བཀོད་དེ་ བྱིན་ཡོདཔ་ལས་ གལ་སྲིད་ ཁ་ཚིག་དང་འཁྲིལ་ ངོས་ལེན་མ་འབད་བ་ཅིན་ དྲུང་ཁག་བདག་སྐྱོང་གིས་ ས་རྡོ་འཕྲུལ་ཆས་བཙུགས་ཐོག་ལས་ བརྡལ་གཏང་ནི་ཨིན་ཟེར་ དྲུང་པ་པདྨ་དབང་འདུས་ཀྱིས་ ཀུན་གསལ་ལུ་ སླབ་ཨིན་པས།
ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ད་ལྟོ་ ཁོང་བཟའ་ཚང་ཚུ་ སྡོད་ནི་གི་ ས་གོ་གཞན་མེདཔ་ལས་ བདུན་ཕྲག་༢ དུས་ཚོད་གནང་དགོཔ་སྦེ་ ཞུ་བ་འབདཝ་བཞིན་དུ་ དྲུང་ཁག་བདག་སྐྱོང་གིས་ཡང་ ངོས་ལེན་འབད་ཡི་ཟེར་ཨིནམ་ད་ ཁྱིམ་དེ་ བཤུབ་ཞིནམ་ལས་ ལམ་གྱི་ཕིཊ་༥༠ ནང་མ་ཚུདཔ་སྦེ་ ས་ཁོངས་དེ་ནང་ར་ ལོག་གསརཔ་རྐྱབ་ནི་ཟེར་ སླབ་ཨིན་པས།
དྲུང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༦ པའི་ཚེས་༡༥ ལས་ ཁྱིམ་༢ ཀྱི་ གློག་མེའི་མཐུན་རྐྱེན་ཚུ་ བཏོག་བཏང་ཡོདཔ་ད་ ད་ཚུན་གྱི་བར་ན་ ཁྱིམ་གྱི་ཇོ་བདག་གཉིས་ཀྱིས་ ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་ ཁྱིམ་བརྡལ་བཤུབ་མ་འབད་མི་དེ་ཡང་ ཁོང་རའི་ རང་དབང་ས་ཁྲམ་ནང་ཡོད་པའི་ ས་ཆ་ནང་ རྐྱབ་ཡོདཔ་ལས་ ཁྱིམ་བརྡལ་དགོ་པ་ཅིན་ རྒུད་འཐུས་དགོ་ཟེར་ ཐོབ་བརྗོད་བཀོད་ནི་དེ་གིས་ རྩོད་རྙོགས་ཅན་ཅིག་ལུ་གྱུར་ཏེ་ ཡུན་འགྱངས་ལུས་ཡོདཔ་ཨིན་པས།
ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ཁོ་གི་ རྩི་སའི་སྒྲིང་ཁྱིམ་ཐོག་ཚད་༢ འབད་མི་དེ་ སྤྱི་ལོ་༡༩༨༤ ལུ་ ཁོ་རའི་བཟའ་ཚང་གི་ རང་དབང་ས་ཆ་ཨེ་ཀར་༢.༠༦ ནང་ རྐྱབ་ཅི་ཟེར་ཨིནམ་ད་ གསར་སྤང་རྫོང་ཁག་བདག་སྐྱོང་གིས་འབད་བ་ཅིན་ གཞུང་ས་ནང་ ཚུལ་མིན་གྱི་སྒོ་ལས་ རྐྱབ་ནུག་ཟེར་ཨིན་པས།
ཁྱི་ན་མ་ཡ་གུ་རུང་གིས་ སླབ་མིའི་ནང་ མོ་གི་ཁྱིམ་དེ་ སྤྱི་ལོ་༡༩༧༤ ལུ་ རང་དབང་ས་ཆའི་ནང་ རྐྱབ་ཅི་ཟེར་ཨིན་རུང་ འཁྲུན་ཆོད་དང་འཁྲིལཝ་ད་ མོ་གི་ཁྱིམ་ཡང་ ཚུལ་མིན་གྱི་སྒོ་ལས་ རྐྱབ་ཡོདཔ་མ་ཚད་ གཞུང་ས་ནང་ ཆ་ཤས་ཅིག་ཚུད་ཡོདཔ་ལས་ ཁྱིམ་གཞན་༢༠ དང་གཅིག་ཁར་ བརྡལ་བཤུབ་གཏང་དགོཔ་སྦེ་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ཨིན་པས།
ཁྱིམ་གཞན་༡༩ ཁྲིམས་འདུན་གྱི་ གྲོས་ཆོད་དང་འཁྲིལ་ སྤྱི་ལོ་༢༠༡༡ ཟླཝ་༥ པའི་ནང་ བརྡལ་ཡོད་རུང་ ཁྲིམས་གཏུགས་འབད་མི་ ཚེ་རིང་དབང་འདུས་དང་ ཁྱི་ན་མ་ཡ་གི་ ཁྱིམ་༢ རྐྱངམ་གཅིག་ བཤུབ་མ་བཏུབ་པར་ ལུས་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་གཉིས་ཆ་ར་གིས་ སླབ་མིའི་ནང་ ཁོང་གི་ཁྱིམ་དེ་ ཁོང་རའི་ས་ཆ་ནང་ རྐྱབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༤ ལུ་ ལམ་གྱི་བཅའ་ཁྲིམས་ཆ་འཇོག་མ་གྲུབ་པའི་ཧེ་མར་ རྐྱབ་རྐྱབ་ཨིནམ་ལས་ རྒུད་འཐུས་ཐོབ་བརྗོད་བཀོད་ནི་གི་ ཁྲིམས་མཐུན་རང་དབང་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
ད་རུང་ དགེ་ལེགས་ཕུག་དྲུང་ཁག་ ཏ་ཏོ་པ་ནི་ (ཚ་ཆུ་སྦང་སར) ལུ་ གཞན་གྱི་ཁྲམ་ནང་ ཚུལ་མིན་གྱི་སྒོ་ལས་ ཁྱིམ་༣ རྐྱབ་ཡོད་མི་ཚུ་གི་ གློག་མེ་ཚུ་ཡང་ བཏོག་བཏང་ཡོདཔ་ལས་ འཕྲལ་མགྱོགས་ར་ བརྡལ་བཤུབ་གཏང་ནི་ཟེར་ དྲུང་པ་གིས་ སླབ་ཨིན་པས།
དྲུང་པ་པདྨ་དབང་འདུས་ཀྱིས་འབད་བ་ཅིན་ ཁྱིམ་དེ་ཚུ་ རང་དབང་གི་ ཁྲམ་མེད་པའི་ཁར་ གནང་བ་མེད་པར་རྐྱབ་སྟེ་ ཚ་ཆུ་སྦང་མི་ཚུ་ལུ་ ཁང་གླར་སྤྲོད་ནུག་ཟེར་ཨིནམ་ད་ དེ་ཚུ་ལུ་ཡང་ ངོས་ལེན་དམ་སྒྲིང་འབད་ནི་ཟེར་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment