གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་གྱི་དོན་ལུ་ མི་མང་སྐྱེལ་འདྲེན་བཱསི་༢༥ མཁོ་བསྒྲུབ་འབད་ནིའི་གྲོས་འཆར།

གྲོས་འཆར་ཕུལ་མི་དེ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ ལྷན་ཁག་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་པས།

ཐིམ་ཁྲོམ་ནང་འཁོད་ལུ་ མི་མང་སྐྱེལ་འདྲེན་ཞབས་ཏོག་ ལག་ལེན་འཐབ་མི་ འབྲུག་འགྲེམ་གྱི་ འགྲུལ་སྐྱེལ་བཱསི་ཚུ།
༢/༧/༢༠༡༢   ༉ སྒེར་གྱི་ མི་མང་སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་འགོ་འདྲེན་འཐབ་མི་༢ ཀྱིས་ རྒྱལ་ས་ཐིམ་ཕུ་ལུ་ མི་མང་སྐྱེལ་འདྲེན་ཞབས་ཏོག་གོང་འཕེལ་དང་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནིའི་གྲོས་འཆར་ཅིག་ གཞུང་ལུ་ཕུལ་ཡོདཔ་ཨིན་པས།


ས་གནས་ཀྱི་ མི་མང་སྐྱེལ་འདྲེན་ཞབས་ཏོག་ལས་སྡེ་ མེ་ཏོག་དང་ གསེར་ཉ་སྐྱེལ་འདྲེན་ཞབས་ཏོག་ལས་སྡེ་གིས་ ཐིམ་ཕུ་ཁྲོམ་གྱི་ ས་ཁོངས་ནང་ མི་མང་སྐྱེལ་འདྲེན་ཞབས་ཏོག་ལུ་མཁོ་བའི་ འགྲུལ་སྐྱེལ་བཱསི་གི་གྱངས་ཁ་ ཡར་སེང་ཐོག་ སྐྱེལ་འདྲེན་གྱི་གྱངས་ཁ་ཡང་ ཡར་སེང་འབད་ནིའི་དོན་ལུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ནང་ ད་རུང་ མི་མང་སྐྱེལ་འདྲེན་བཱསི་༢༥ མཁོ་བསྒྲུབ་འབད་ནི་སྦེ་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ གྲོས་འཆར་ཅིག་ བཙུགས་ཡོདཔ་ཨིན་པས།
གྲོས་འཆར་དང་འཁྲིལཝ་ད་ སྣུམ་འཁོར་ཚུ་ག་ར་ རིན་གོང་བརྒྱ་ཆ་༡༠༠ སྐྱིན་འགྲུལ་གྱི་ཐོག་ལས་ ལོ་ངོ་༡༠ གྱི་ནང་འཁོད་ལུ་ ཟླ་རིམ་བཞིན་དུ་ སྤྲོད་ཐོག་ལས་ སྐྱིན་ཚབ་བཏབ་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༩ ལས་ འགོ་བཙུགས་ཏེ་ ཐིམ་ཕུ་ཁྲོམ་སྡེ་ནང་ མི་མང་སྐྱེལ་འདྲེན་ཞབས་འགོ་འདྲེན་འཐབ་མི་ ལས་སྡེ་༢ པོ་དེ་གིས་ ཐིམ་ཕུ་ཁྲོམ་གྱི་ མི་མང་སྐྱེལ་འདྲེན་དོན་ལུ་ ཧེ་མ་ ས་ཐག་རིང་སར་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ལག་ལེན་འཐབ་མི་ འགྲུལ་འཁོར་བཱསི་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ཁྲོམ་ཁར་སྡོད་མི་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ འགྲུལ་འཁོར་བཱསི་ཚུ་ སོ་སོར་སྦེ་ར་ མཁོ་མངགས་འབད་དེ་ མཁོ་བསྒྲུབ་འབད་བ་ཅིན་ མི་ཚུ་ལུ་ཡང་ ཁྲོམ་ནང་འཁོད་དང་ ཕྱི་ཁར་ལག་ལེན་འཐབ་མི་ འགྲུལ་འཁོར་བཱསི་གི་བར་ན་ ངོ་མི་འཛོལ་ནི་ཨིན་པའི་ཁར་ ལས་སྡེ་ལུ་ཡང་ ས་ཐག་རིང་སར་ འགྲུལ་སྐྱོད་འབད་མི་ དེད་གཡོགཔ་དང་ ལས་རོགསཔ་ཚུ་དང་འབྲེལ་བའི་ དཀའ་ངལ་མི་བྱུང་ནི་མས་ཟེར་ཨིན་པས།
གསེར་ཉ་སྐྱེལ་འདྲེན་གྱི་ འཛིན་སྐྱོང་མདོ་ཆེན་ དབང་འདུས་རྡོ་རྗེ་གིས་ སླབ་མིའི་ནང་ གསརཔ་མཁོ་བསྒྲུབ་འབད་ནི་ཨིན་མི་ འགྲུལ་འཁོར་བཱསི་རེ་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༣ དེ་ཅིག་ གནས་ནི་ཨིནམ་ད་ ཁོང་གིས་ འབྲུག་འགྲེམ་དང་ དོ་འགྲན་འབད་ནི་ཨིན་པས།
ད་ལྟོ་འབད་བ་ཅིན་ འབྲུག་འགྲེམ་ལུ་ མི་མང་སྐྱེལ་འདྲེན་བཱསི་ཚུ་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ གནང་དོ་ཡོདཔ་ཨིན་པས།
གལ་སྲིད་ གྲོས་འཆར་བཀོད་མི་དེ་ལུ་ གཞུང་གིས་ ཆ་འཇོག་མ་གནང་པ་ཅིན་ ད་ལྟོ་ཚུན་ ཁོང་གིས་ སྤྱི་ཟླ་༤ པའི་ཚེས་༡༩ ལས་འགོ་བཙུགས་ཡོད་མི་ ཁྲོམ་སྡེའི་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་དེ་ བཤོལ་བཞག་འབད་དགོཔ་འཐོན་འོང་ཟེར་ ཞབས་ཏོག་བྱིན་མི་ ལས་སྡེ་༢ ཆ་ར་གིས་ བཤདཔ་ཨིན་པས།
མེ་ཏོག་སྐྱེལ་འདྲེན་གྱི་ འཛིན་སྐྱོང་མདོ་ཆེན་ པདྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཁོ་ལུ་ དཀའ་ངལ་གཙོ་བོ་ར་ ས་ཐག་རིང་སར་ འགྲུལ་སྐྱེལ་གྱི་དོན་ལུ་ ལག་ལེན་འཐབ་མི་ བཱསི་གི་དེད་གཡོག་དང་ ལས་རོགསཔ་ཚུ་ ད་རུང་ ཁྲོམ་ཁར་ མི་མང་སྐྱེལ་འདྲེན་གྱི་དོན་ལུ་ ལག་ལེན་འཐབ་ནིའི་ནང་ བྱ་སྟབས་མ་བདེཝ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲོས་འཆར་དེ་ གཙོ་བོ་ར་ ཁྲོམ་གྱི་ས་ཁོངས་ནང་འཁོད་ལུ་ མི་མང་སྐྱེལ་འདྲེན་ཞབས་ཏོག་ གོང་འཕེལ་གཏང་ཐོག་ སྒེར་འཁོར་གྱི་ལག་ལེན་དང་ ས་སྣུམ་གྱི་ཟད་འགྲོ་ཚུ་ མར་ཕབ་རྐྱབ་ནི་དང་ རང་བཞིན་གནས་སྟངས་ལུ་ ལྷན་ཐབས་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
གྲོས་འཆར་ཕུལ་མི་དེ་ལུ་ ད་ལྟོ་ ལྷན་ཁག་ལས་ ཚུལ་མཐུན་ངོས་ལེན་ཐོབ་མ་ཚུགསཔ་ཨིན་རུང་ འཕྲལ་མགྱོགས་ར་ ཆ་འཇོག་འགྲུབ་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ བཙུག་ནི་ཨིན་པས།
མེ་ཏོག་སྐྱེལ་འདྲེན་ཞབས་ཏོག་ལས་སྡེ་ལུ་ སྐྱེལ་འདྲེན་བཱསི་༣༨ དང་ གསེར་ཉ་ལས་སྡེ་ལུ་ སྐྱེལ་འདྲེན་བཱསི་༡༠ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment