གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ ལས་མི་༦ གི་ ཁྲིམས་ཚད་གཞི་འཛིན་ཐོག་ རྒུད་འཐུས་བསྒྱུར་བཅོས།

དེད་གཡོགཔ་ཅིག་ལུ་ བརྡུང་རྫོབ་འབད་དེ་ བསད་མི་ལུ་བརྟེན་ བཟོ་སྐྲུན་གྱི་ ལས་མི་ཚུ་ལུ་ བཙོན་ཁྲིམས་ལོ་༤ དང་ཟླཝ་༦ ལས་ ལོ་ངོ་༩ དང་ཟླཝ་༦ ཚུན་བཀལ་ཡོདཔ།

༡༨/༧༌༢༠༡༢   ༉ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ རྩི་རང་རྫོང་ཁག་ནང་ རྒྱ་གར་གྱི་ བཟོ་སྐྲུན་ལས་མི་༦ གིས་ སྐྱེས་ལོ་༢༦ ལང་མི་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ཅིག་ལུ་ བརྡུང་རྫོབ་འབད་བའི་གནད་ལས་ ཤི་རྐྱེན་བྱུང་མི་ལུ་བརྟེན་ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་ཟླ་ཚུ་ལུ་ བཙོན་ཁྲིམས་ལོ་༤ དང་ཟླཝ་༦ ལས་ ལོ་ངོ་༩ དང་ཟླཝ་༦ བཀལ་མི་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་མེད་པར་ ཆ་གནས་མཛད་ཡོད་རུང་ རྒུད་འཐུས་ཀྱི་ཐད་ལུ་ ཆ་ཤས་ཅིག་ བསྒྱུར་བཅོས་ཐོག་ འཁྲུན་ཆོད་གནང་ནུག།


དེ་ཡང་ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡༠ ལུ་གནང་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཚེ་འདས་ཨྱོན་ཚེ་རིང་གི་ ཨ་པ་བཀྲིས་ཀྱིས་ སྤྱི་ཟླ་༡ པའི་ཚེས་༡༦ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
བཀྲིས་ཀྱིས་ མཐོ་གཏུགས་ཞུ་དགོ་པའི་ གནད་དོན་དེ་ཡང་ ཚེ་འདས་བུ་ཨྱོན་ཚེ་རིང་གི་དོན་ལུ་ མེ་སྦྱང་ལས་འགོ་བཟུང་ དགེ་བ་དགེ་རྩ་བསྒྲུབས་པའི་ཟད་རྩིས་ མ་དངུལ་བསྡོམས་དངུལ་ཀྲམ་༨༣,༠༤༠ གནས་ཡོད་རུང་ ཐོག་མའི་ཁྲིམས་འདུན་ལས་ རྒུད་འཐུས་དངུལ་ཀྲམ་༤༠,༠༠༠ ལུ་ ཕབ་བཏང་མི་དང་ ཚེ་འདས་ལུ་ ཟླཝ་༢ ཀྱི་དངུལ་ཕོགས་ དངུལ་ཀྲམ་༡༢,༠༠༠ ཐོབ་ནི་ཡོད་མི་དེ་ཡང་ ཁག་འབགཔ་རྣམ་རྒྱལ་རྡོ་རྗེ་གིས་ སྤྲོད་མ་བཏུབ་པའི་ཁར་ དམར་བསད་འབད་མི་ཚུ་གི་ ཉེས་ཁྲིམས་ཡང་ ག་དེ་ཉུང་ཉུང་ཅིག་ལས་ མ་བཀལ་ནི་དེ་གིས་ཨིན་པས།
བྱུང་རྐྱེན་དེ་ཡང་ སྤྱི་ལོ་༢༠༡༡ ཟླཝ་༡༡ པའི་ཚེས་༢༡ ལུ་ འགྲམ་ཕུག་ཁྲོམ་ལས་ ཉིན་ལམ་༡ ལམ་འགྱོ་དགོ་པའི་ས་གནས་ སྤུངས་བརྟན་ཆུ་ རྒེད་འོག་གི་ ཞལ་འཛོམས་ཁང་རྐྱབ་སར་ ཚེ་འདས་དེད་གཡོགཔ་ ཨྱོན་ཚེ་རིང་དེ་ ཆང་འགྲངས་ཏེ་ རྒྱ་གར་གྱི་ ལས་མི་༦ དང་ འཐབ་འཛིང་བྱུང་པའི་ཤུལ་ལུ་ བྱུང་ཡོདཔ་ཨིན་པས།
དེ་ཡང་ ལས་མི་༦ གིས་ ཚེ་འདས་ཨྱོན་ཚེ་རིང་ལུ་ ཧིང་འགྲམ་ག་ནི་ཡང་མེད་རུང་ ཚེ་འདས་དེ་ ཆང་འཐུང་སྟེ་ ཁོང་ལུ་ དགའཝ་སྐྱིདཔ་སྦེ་ སྡོད་མ་སྟེརཝ་ལས་ ལས་མི་ཚུ་ ཙིགཔ་ཟ་བའི་ཞོར་ཁར་ ཁོ་ལུ་ བརྡུང་རྫོབ་འབད་བའི་ཤུལ་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༦ ལུ་གནང་མི་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་ཚུ་གིས་ དེད་གཡོགཔ་ལུ་ བརྡུང་རྫོབ་འབད་བའི་མཐའ་མར་ ཉེས་འཛུགས་ཅན་ བབ་ལུ་ཨ་རཱུན་གྱིས་ ཤིང་ཅིག་གིས་ བླུགས་བྱིན་པའི་སྐབས་ ཚེ་འདས་ཀྱི་དཔྱལཝ་གུ་ཕོག་སྟེ་ རྨ་སྐྱོན་བྱུང་བའི་གནད་ལས་ ཤི་རྐྱེན་བྱུང་ནུག།
དེ་འབདཝ་ད་ ཉེས་འཛུགས་ཅན་ཚུ་གིས་ ཉེས་འགལ་གྱི་ བྱ་ངན་འཐབ་མི་དེ་ ཤེས་བཞིན་བསམ་བཞིན་དང་ སྣང་མེད་དང་ བག་གཡེང་གི་སྒོ་ལས་ འབད་འབདཝ་མིན་པའི་ སྒྲུབ་བྱེད་བྱུངམ་ལས་ ཉེས་འཛུགས་ཅན་ཚུ་ལུ་ཕོག་པའི་ ཁྲིམས་ཚད་འདི་ ཁྲིམས་མཐུན་འདུག་པར་བརྟེན་ ཐོག་མའི་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་དེ་ དྲང་ཁྲིམས་ཁོ་ནར་ གཞིར་བཟུང་ཐོག་ གནང་ཡོདཔ་ལས་ འཁྲུན་ཆོད་དེ་ལུ་ བསྒྱུར་བཅོས་མེད་པར་ ཆ་གནས་ཧྲིལ་པོར་མཛད་ཅི་ཟེར་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་བཀོད་ནུག།
རྫོང་ཁག་ཁྲིམས་འདུན་གྱིས་ ཚེ་འདས་ལུ་ ཤིང་གིས་བླུགས་བྱིན་མི་ ཉེས་འཛུགས་ཅན་ བབ་ལུ་ཨ་རཱུན་དེ་ འཛིན་བཟུང་འབད་བའི་ཉིནམ་ སྤྱི་ཟླ་༡༡ པའི་ཚེས་༢༣ ལས་འགོ་བཟུང་ བཙོན་ཁྲིམས་ལོ་ངོ་༩ དང་ཟླཝ་༦ བཀལ་བའི་ཁར་ ཉེས་ལས་ཀྱི་ མཉམ་འབྲེལ་བ་ སཱན་ཇིཊ་བག་ལ་དང་ མུ་ཀེཤ་མུར་མི་ ནི་ཊེཤ་བ་རཱན་དི་ མང་ལུ་མ་ཧི་ལི་ སུར་ཇིཊ་མུར་མི་བཅས་༥ ལུ་ བཙོན་ཁྲིམས་ལོ་༤ དང་ཟླཝ་༦ རེ་བཀལ་ནུག།
དེ་འབདཝ་ད་ རྒུད་འཐུས་ཀྱི་ཐད་ལུ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ཆ་ཤས་ཅིག་ བསྒྱུར་བཅོས་ཐོག་ ཁག་འབགཔ་རྣམ་རྒྱལ་རྡོ་རྗེ་གིས་ ཚེ་འདས་ཀྱི་ ཕ་རྒན་བཀྲིས་ལུ་ རྒུད་འཐུས་དངུལ་ཀྲམ་༤༠,༠༠༠ སྤྲོད་ནི་གི་ ངོས་ལེན་འབད་མི་དང་ ཚེ་འདས་ཨྱོན་ཚེ་རིང་གི་ ཟླ་རིམ་དངུལ་ཕོགས་ལྷག་ལུས་ དངུལ་ཀྲམ་༢,༠༠༠ དེ་ལས་ རྩོད་ཟླ་༦ གིས་ ཐོབ་དགོ་པའི་ གླ་ཆ་དངུལ་ཀྲམ་༢༠,༤༠༠ འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་༦༢,༤༠༠ ཁག་འབགཔ་གིས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
སྤ་རོ་རྡོ་སྒར་ལས་ཨིན་མི་ ཚེ་འདས་ཨྱོན་ཚེ་རིང་དང་ རྒྱ་གར་ནུབ་བེང་གཱལ་གྱི་ཁྲོམ་སྡེ་ ཇཱལ་པའི་གུ་རི་ལས་ཨིན་མི་ བཟོ་སྐྲུན་གྱི་ ལས་མི་ཚུ་ ཁག་འབགཔ་རྣམ་རྒྱལ་རྡོ་རྗེའི་ བཟོ་སྐྲུན་ལས་སྡེའི་དོན་ལུ་ ལཱ་འབད་བའི་སྐབས་ རྐྱེན་ངན་བྱུང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment