གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་བྱག་ཚུ་ འཕྱགས་བདའ་མི་ལུ་བརྟེན་ ཆུ་ཞིང་ཚུ་ལུ་ གནོད་སྐྱོན་རྐྱབ་ནིའི་ཉེན་ཁ།

༡༨/༧/༢༠༡༢   ༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རྒེད་འོག་ ང་ལི་མང་གཡུས་ཚན་གྱི་ས་གནས་ དྭཝ་གླིང་མཇུག་གི་ ཉེ་འདབས་ལས་བབས་མི་ ཁོ་ལོང་ཆུའི་གུ་ ཧེ་མ་ལས་ རྐྱབ་ཡོད་པའི་ཆུ་བྱག་ཚུ་ ད་རེས་ཁམས་ཅིག་ཁར་ གཙང་ཆུ་བྲེས་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ལས་ མི་སེར་གྱི་ ཆུ་ཞིང་ཚུ་ལུ་ གནོད་སྐྱོན་རྐྱབ་ནིའི་ ཉེན་སྦོམ་ཡོདཔ་ཨིན་པས།


ས་གནས་ནང་ ཆུ་ཞིང་ཡོད་མི་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ ཆུ་བྱག་དེ་ འཕྲལ་ར་ ལོག་རྐྱབ་མ་ཚུགས་པ་ཅིན་ གཙང་ཆུའི་གཞུང་དེ་ར་ ཆུ་ཞིང་ནང་ལས་ ཁ་བསྒྱུར་འོང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཨིན་རུང་ ད་ལྟོའི་གནས་སྟངས་ནང་ ཆུ་ཞིང་ལུ་ གནོད་སྐྱོན་ག་ཅི་ཡང་ མ་རྐྱབ་རུང་ ད་ལས་ཕར་ ཆར་ཆུ་སྦོམ་སྦེ་ འབབ་པའི་སྐབས་ གཙང་ཆུའི་གནོད་ཉེན་དེ་ སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
གཡུས་མི་རྒན་ཤོས་ཅིག་གིས་ སླབ་མིའི་ནང་ དང་ཕུ་འབད་བ་ཅིན་ ཆུ་བྱག་ཚུ་ རྩིགཔ་སྦེ་ར་ རྐྱབ་དོ་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ ཆུ་གིས་འཕྱགས་བདའ་སྟེ་ ཆུ་ཞིང་ལུ་ གནོད་པ་རྐྱབ་མི་དང་འཁྲིལ་ འདས་པའི་ལོ་ངོ་ དག་པ་ཅིག་གི་ཧེ་མར་ ཆུ་བྱག་དེ་ ད་རུང་ ལོག་སྟེ་རྐྱབ་ཡོདཔ་སྦེ་སླབ་ཅི།
དྭཝ་གླིང་མཇུག་ལུ་ ཨ་རིང་ཡོད་མི་ སྐྱེས་ལོ་༥༥ ལང་མི་ ཐུགས་རྟེན་ཚེ་རིང་གིས་འབད་བ་ཅིན་ ད་རེས་ཀྱི་ཆུ་བྱག་དེ་ ས་རྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་གྱིས་ བྱེམ་སྤུངས་བཞག་བཞགཔ་རྐྱངམ་གཅིག་ལས་ མེད་ནི་དེ་གིས་ ཆུ་གིས་ འཕྱགས་བདའ་སྟེ་ ཁོ་གི་ཨ་རིང་ཁ་ཐུག་ལུ་ ཨེབ་དོ་ཡོད་མི་ལུ་ལྟ་སྟེ་ སེམས་ཁར་ ཚ་གྱང་སྦོམ་སྦེ་ར་ ལངམ་མས་ཟེར་ཨིན་པས།
ཁོ་གིས་ འགྲུལ་འཕྲིན་ཐོག་ལས་ སླབ་མིའི་ནང་ གཞུང་གཡོག་རྐྱབ་མི་ཚུ་འབད་བ་ཅིན་ ཟླ་རིམ་གྱི་དངུལ་ཕོགས་ ལེན་ནི་ཡོདཔ་ཨིན་རུང་ ཁོ་བཟུམ་མའི་ སོ་ནམ་ཞིང་པ་ཚུ་ འཚོ་བ་སོ་ནམ་ལུ་བརྟེན་ཏེ་ སྡོད་དགོཔ་ལས་ གལ་སྲིད་ ཆུ་ཞིང་དེ་ ཆུ་གིས་འཕྱགས་བདའ་བ་ཅིན་ ལྟོཝ་བཀྱེས་ཏེ་ལུས་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
དུས་ཚོད་འ་ནེམ་ཅིག་ཁར་ འཕྲུལ་ཆས་ཨེགསི་ཀེ་བེ་ཊར་༡ ཡོད་པ་ཅིན་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ནང་ར་ དཀའ་ངལ་དེ་ བསལ་ཚུགས་ནི་དང་ དེ་གི་སྐོར་ལས་ ཡི་གུ་ཅིག་ རྒེད་འོག་ཡིག་ཚང་བརྒྱུད་དེ་ རྫོང་ཁག་ལུ་ཕུལ་ཡོདཔ་ཨིན་རུང་ ད་རེས་ཀྱི་བར་ན་ཡང་ ངོས་ལེན་ཅིག་ བྱུང་མ་ཚུགས་ཟེར་ཨིན་པས།
འབུམ་སྡེ་གླིང་རྒེད་འོག་གི་རྒཔོ་ ཚེ་རིང་རྒྱལ་མཚན་གྱིས་ མི་སེར་ལས་ཐོབ་མི་ ཡི་གུ་དེ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ རྫོང་ཁག་ནང་ ཕུལ་ཡོདཔ་ད་ དེ་བསྒང་ རྫོང་ཁག་ནང་ རྩིས་ལོ་ཁ་བསྡམ་ནིའི་ དུས་ཚོད་དང་ ཁ་ཐུག་རྐྱབ་མི་ལུ་བརྟེན་ ལཱ་ཚུ་ འབད་ཚར་ཞིནམ་ལས་ ངོས་ལེན་འབད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ད་ལྟོའི་ གནས་སྟངས་ནང་ ཆུ་ཞིང་ཚུ་ལུ་ གནོད་སྐྱོན་མ་བྱུང་རུང་ ཤུལ་ལས་ ཆརཔ་ཤུགས་སྦེ་རྐྱབ་པ་ཅིན་ ཆུ་ཞིང་ཚུ་ འཕྱགས་བདའ་ནིའི་ ཉེན་ཁ་སྦོམ་ར་འདུག་ཟེར་ ཚེ་རིང་རྒྱལ་མཚན་གྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ཧེ་མ་ཡང་ ས་གནས་དེ་ནང་ལས་མར་ གཙང་ཆུ་གིས་ ཆུ་ཞིང་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོད་མི་དང་འཁྲིལ་ སྤྱི་ལོ་༢༠༠༨ དེ་ཅིག་ཁར་ལོག་ ཆུ་བྱག་རྐྱབ་ཅི་ཟེར་ཨིན་པས།
བཀྲིས་གཡང་རྩེ་རྫོང་བདག་ སངས་རྒྱས་གྲུབ་པ་གིས་འབད་བ་ཅིན་ དྭཝ་གླིང་མཇུག་གི་ས་གནས་ནང་ སྤྱི་ལོ་༢༠༠༩ ལུ་ བྱེམ་སྤུངས་ཐོག་ལས་ ཆུ་བྱག་རྐྱབ་ཡོདཔ་ཨིན་རུང་ ད་རེས་ གཙང་ཆུ་གིས་ འཕྱགས་བདའ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྐྱེན་ངན་དེ་ རྫོང་ཁག་གི་ རྩིས་ལོ་ཁ་བསྡམ་པའི་སྐབས་ ཐོབ་ཡོདཔ་མ་ཚད་ ཆུ་བྱག་དེ་ ལེགས་ཤོམ་སྦེ་ རྐྱབ་ནིའི་དོན་ལུ་ ཟད་འགྲོ་ཚུ་ རྒྱ་ཆེ་དྲགས་སྦེ་གནས་ནི་ཨིནམ་ལས་ ད་རེས་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ས་གནས་ཁར་ཡོད་པའི་ ཆུ་ཞིང་ཚུ་ནང་ ལྕང་ལཱ་མ་རྐྱབ་པར་ ལོ་དག་པ་ཅིག་ལང་ཡོདཔ་ཨིན་རུང་ ཆུ་བྱག་དེ་རྐྱབ་པའི་ཤུལ་ལུ་ མི་ཚུ་གིས་ ལོག་སྟེ་ ལཱ་འབད་ནི་ འགོ་བཙུགས་ནུག་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ ལཱ་འབད་ནིའི་དོན་ལུ་ ཟད་འགྲོ་མེད་པའི་ཁར་ ཁོ་ལོང་ཆུ་དེ་ཡང་ བྲེས་ཏེ་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment