གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡ་ལྡི་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་སྒོ་འབྱེད།

༡༧/༧/༢༠༡༢   ཡན་ལག་ཡིག་ཚང་དེ་གིས་ སྔ་ཚང་དང་ ལྕགས་སི་མཁར་ ཐང་རོང་ དགྲ་མེད་རྩེ་ བ་ལམ་ དེ་ལས་ ཤེལ་རི་མུ་ཧུྃ་རྒེད་འོག་གི་ ཁྱིམ་གུང་༣,༥༠༠ དེ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ་ཡོདཔ་ཨིན་པས།།

ཡ་ལྡི་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ སྒོ་འབྱེད་འབད་བའི་བསྒང་།
༉ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ ས་གནས་ཡ་ལྡི་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ཅིག་ སྒོ་འབྱེད་འབད་མི་དེ་གིས་ མོང་སྒར་རྫོང་ཁག་འོག་གི་ རྒེད་འོག་༧ གྱི་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་མི་དེ་ཡང་ ད་ལས་ཕར་ དངུལ་འབྲེལ་གྱི་ཞབས་ཏོག་དོན་ལུ་ མོང་སྒར་ཁྲོམ་ཁར་ འོང་མ་དགོ་པར་ འཇམ་ཏོང་ཏོ་སྦེ་ ས་གནས་དེ་ཁ་ལས་ ཐོབ་ཚུགས་ནི་དེ་གིས་ཨིན་པས།


དེ་ཡང་ མོང་སྒར་རྫོང་ཁག་འོག་གི་ རྒེད་འོག་༡༧ གྱི་གྲས་ལས་ ཡ་ལྡི་ལུ་ གཞི་བཙུགས་འབད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་དེ་གིས་ སྔ་ཚང་དང་ ལྕགས་སི་མཁར་ ཐང་རོང་ དགྲ་མེད་རྩེ་ བ་ལམ་ དེ་ལས་ ཤེལ་རི་མུ་ཧུྃ་རྒེད་འོག་གི་ ཁྱིམ་གུང་༣,༥༠༠ དེ་ཅིག་ལུ་ ཕན་ཐོགས་ཚུགས་ནི་ཨིནམ་ད་ ཡན་ལག་ཡིག་ཚང་གིས་ དངུལ་བཙུགས་བཏོན་གྱི་ ཞབས་ཏོག་ལས་འགོ་བཟུང་སྟེ་ མཐུན་རྐྱེན་གཞན་ཡང་ ལེགས་ཤོམ་སྦེ་ར་ བྱིན་ནི་ཨིན་པས།
བ་ལམ་རྒེད་འོག་ལས་ སྐྱེས་ལོ་༥༥ ལང་མི་ སོ་ནམ་པ་ སོ་ནམ་ཚེ་རིང་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ དངུལ་འབྲེལ་གྱི་ ཞབས་ཏོག་དགོ་པ་ཅིན་ ཨིན་ཅི་མིན་ཅི་ར་ མོང་སྒར་ལུ་ འགྱོ་དགོཔ་ལས་ སྟབས་མ་བདེཝ་ཡོད་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ སྐྱིན་འགྲུལ་དངུལ་ཀྲམ་༥༠,༠༠༠ ལེན་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༥,༠༠༠ དེ་ཅིག་གནས་མི་དེ་ ཞག་ཉལ་ནི་དང་ བཟའ་འཐུང་ དེ་ལས་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ ཟད་འགྲོ་གནས་ནི་དེ་གིས་ཨིན་པས།
ཁོ་གིས་ ཁོ་རའི་བུ་ལུ་ སྣུམ་འཁོར་བཅོ་ནིའི་དོན་ལུ་ འདས་པའི་ཟླཝ་༢ དེ་ཅིག་གི་ ཧེ་མ་ལས་ འབྲུག་གོང་འཕེལ་དངུལ་ཁང་ནང་ལས་ སྐྱིན་འགྲུལ་དངུལ་ཀྲམ་༥༠,༠༠༠ ལེན་ཡི་ཟེར་ཨིནམ་ད་ དེ་བསྒང་ ཡིག་ཆ་ཕུད་རྡོག་གཅིག་མ་ཚང་རུང་ ལམ་ཐག་ག་དེམ་ཅིག་རིང་རུང་ ལོག་གཡུས་ཁར་ འོང་དགོཔ་ལས་ སྟབས་མ་བདེཝ་ཐོན་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་ལས་ཕར་ མི་སེར་ཚུ་ ཁོ་བཟུམ་ཅིག་ ནང་དོག་དགོཔ་ མི་འཐོན་ནི་ཨིན་མི་དེ་ཡང་ དངུལ་འབྲེལ་གྱི་ཞབས་ཏོག་དེ་ སྦོ་ལོགས་ཁར་ ལྷོད་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཡ་ལྡི་ལས་ སོ་ནམ་པ་ ཚེ་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ དངུལ་ཁང་གི་ སྐྱིན་འགྲུལ་ཞབས་ཏོག་དེ་གིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་མི་དེ་ཡང་ མི་སེར་ལ་ལུ་ཅིག་གིས་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ལུ་བརྟེན་ དངུལ་གྱི་འོང་འབབ་ ཕྱམ་ཕྱིམ་རེ་བཟོ་སྟེ་ དངུལ་ཁང་ནང་ བཙུགས་ནིའི་རེ་བ་བསྐྱེད་རུང་ དངུལ་ཁང་དེ་ ལམ་ཐག་རིང་ནི་དེ་གིས་ བཙུགས་མ་ཚུགས་པའི་བར་ན་ བྱང་སྟོར་ཤོར་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལས་ཕར་ དངུལ་ཁང་དེ་ལུ་བརྟེན་ ཏི་རུ་གསོག་འཇོག་འབད་ནི་དང་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ བྱ་སྟབས་བདེ་ནི་མས་ཟེར་ སླབ་ཨིན་པས།
ཁོ་གིས་ཡང་ ཞིང་རྨོ་འཕྲུལ་པ་ཝར་ ཊེ་ལར་ཅིག་ ཉོ་ནིའི་དོན་ལུ་ འབྲུག་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་དངུལ་ཀྲམ་༡༠༠,༠༠༠ ལེན་ཡོདཔ་ད་ འཕྲལ་འཕྲལ་སྦེ་ར་ གློ་བུར་གྱི་དོན་ལུ་ སྐྱིན་འགྲུལ་ལེན་དགོཔ་ཐོན་རུང་ ལམ་ཐག་རིང་ནི་དེ་གིས་ མོང་སྒར་ལུ་ ལྷོད་མ་ཚུགས་པའི་སྟབས་ཀྱིས་ བྱ་ཐབས་མེད་པར་ དངུལ་གྱི་ཐོན་ཁུངས་ཡོད་མི་ སོ་ནམ་པ་ཚུ་ལས་ སྐྱེད་མཐོ་སུ་འབད་སྐྱིན་འགྲུལ་ལེན་དོ་ཡོདཔ་ལས་ ད་ལས་ཕར་ སོ་ནམ་པ་ཚུ་ནང་འཁོད་ལུ་ སྐྱེད་མཐོ་སུ་འབད་ ལེན་སྲོལ་ཡོད་མི་དེ་ཡང་ མར་ཕབ་རྐྱབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་རུང་ གཙོ་བོ་ ཞིང་རྨོ་འཕྲུལ་ པ་ཝར་ ཊེ་ལར་དང་ ཤིང་དྲ་ནིའི་འཕྲུལ་ཆས་ པ་ཝར་ཅན་ དེ་ལས་ ཁྱིམ་རྐྱབ་ནིའི་དོན་ལུ་ སྐྱིན་འགྲུལ་ལེན་དགོཔ་ཐོན་དོ་ཡོདཔ་ཨིན་པས།
མོང་སྒར་ ཡན་ཁག་ཡིག་ཚང་གི་ འཛིན་སྐྱོང་འགོ་དཔོན་ བསྟན་འཛིན་དབང་འདུས་ཀྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ ཞབས་ཏོག་དེ་ ཡ་ལྡི་ལུ་ བཙུགས་དགོ་མི་དེ་ཡང་ རྒེད་འོག་༡༧ ལས་ རྒེད་འོག་༧ གྱི་ མི་སེར་ཚུ་ལུ་ ཞབས་ཏོག་དེ་ ས་གནས་དེ་ཁར་བཙུགས་པ་ཅིན་ སྟབས་བདེ་ནི་ཨིནམ་ལས་ ད་རེས་ནངས་པ་ རྒེད་འོག་དེ་ཚུའི་ནང་ལས་ འབྲུག་གོང་འཕེལ་དངུལ་ཁང་གི་ ཞབས་ཏོག་སྤྱོད་མི་༡,༢༠༠ དེ་ཅིག་ ཡོད་ཟེར་ཨིན་པས།
ཡན་ལག་ཡིག་ཚང་གི་ སྒོ་འབྱེད་དེ་ཡང་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་འབད་ཡོདཔ་ད་ ཁོ་གིས་ སྒོ་འབྱེད་སྐབས་ལུ་འཛོམས་མི་ མི་སེར་ཚུ་ལུ་ སླབ་མིའི་ནང་ མི་སེར་ཚུ་གི་ མཐའ་དོན་ལུ་ དེ་བཟུམ་གྱི་ ཞབས་ཏོག་སྤྲོད་དེ་འབད་རུང་ ཞབས་ཏོག་དེ་ གལ་སྲིད་ ལེགས་ཤོམ་སྦེ་ སྤྱོད་མ་ཤེས་པ་ཅིན་ ཕན་ཐོགས་འབྱུང་མི་ཚུགས་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ ཡ་ལྡི་ལུ་ གཞི་བཙུགས་འབད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་རྩིས་ཏེ་ ཡན་ལག་ཡིག་ཚང་ བསྡོམས་༣༠ ཡོདཔ་ད་ ཡ་ལྡི་དེ་ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༣༦ དེ་ཅིག་ལུ་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment