གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་སྤྱིའི་གནས་ཚད་ནང་ འབྲུག་གི་རྒྱལ་ཡོངས་རྩེདམོ་ མདའ་རྩེད་ཀྱི་གནས་སྟངས་དང་ འབྲེལ་གཏོགས་ཀྱི་ རྒྱབ་ཁུངས།

ལཱོན་ཌཱོན་ཨོ་ལིམ་པིག་ནང་ རྩེད་འགྲན་འབད་མི་ ཤེས་རབ་བཟང་མོ།
༡༨/༧/༢༠༡༢   ༉ སྤྱི་ལོ་༡༩༧༡ ལུ་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མིའི་གྲངས་སུ་ འགོ་ཐོག་འཛུལ་ཞུགས་འབད་བའི་སྐབས་ རང་ལུགས་ཀྱི་མདའ་རྩེད་དེ་ རྒྱལ་ཡོངས་ཀྱི་རྩེདམོ་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།


དེ་ལས་ སྤྱི་ལོ་༡༩༨༤ ལུ་ འབྲུག་གི་མདའ་རྩེདཔ་ ཕོ་སྐྱེས་༣ དང་ ཨམ་སྲུ་༣ གྱིས་འགོ་དང་པ་ ཨ་མི་རི་ཀའི་མངའ་སྡེ་ ལཱོས་ཨེན་ཇ་ལིསི་ལུ་ ཨོ་ལིམ་པིག་རྩེད་རིགས་འགྲན་བསྡུར་ཐེངས་༢༣ པའི་ནང་ བཅའ་མར་གཏོགས་ཏེ་ རྒྱལ་ཁབ་དང་ རྒྱལ་ཡོངས་ཀྱི་རྩེདམོ་དེ་ རྒྱལ་སྤྱིའི་གནས་ཚད་ནང་ དེ་བསྒང་ངོ་འབྱོར་འབད་ཡོདཔ་ད་ སྡེ་ཚན་གྱི་ འགོ་ཁྲིད་འབད་དེ་ འཕྲིན་ལས་རྡོ་རྗེ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འབྲུག་གིས་ ཨོ་ལིམ་པིག་རྩེད་རིགས་འགྲན་བསྡུར་ནང་ བཅའ་མར་གཏོགས་ཏེ་ འབྲུག་གི་མདའ་རྩེདཔ་ཚུ་གིས་ ཨོ་ལིམ་པིག་རྩེད་རིགས་འགྲན་བསྡུར་ཐེངས་༢༣ པའི་ནང་ གཞུ་ཐག་འགོ་དང་པ་སྤྲིངས་ཐོག་ལས་ འབྲུག་གིས་རྒྱལ་སྤྱིའི་གནས་ཚད་ནང་ རྒྱལ་རབས་ཅན་ཅིག་ལུ་གྱུར་ཡོདཔ་ད་ འབྲུག་མི་མདའ་རྩེདཔ་ཚུ་གིས་ ཚན་རིག་མཁས་མཆོག་ཚུ་གི་འོག་ལུ་ སྦྱང་བརྡར་འབད་མི་༡༠༠ དང་གཅིག་ཁར་ ཁོང་ཆ་ཁྱབ་ཀྱིས་ རང་ལུགས་མདའ་རྩེད་ཀྱི་ འགྲན་བསྡུར་འབད་ཡོདཔ་ཨིན་པས།
ཨོ་ལིམ་པིག་རྩེད་རིགས་འགྲན་བསྡུར་སྐབས་ལུ་ ན་གཞོན་ལེ་ཤ་ཅིག་གིས་ ངལ་གསོ་ལེན་ཐོག་ལས་ རྒྱ་འབྲུག་ས་མཚམས་ཁྲོམ་སྡེ་ཕུན་ཚོགས་གླིང་ལུ་ རྒྱང་མཐོང་བལྟ་བར་ སོང་ཡོད་པའི་ལོ་རྒྱུས་ཡོདཔ་མ་ཚད་ གློག་བརྙན་ནང་ འབྲུག་གི་རྒྱལ་དར་འབག་འགྱོ་ས་མཐོངམ་ད་ སྤྲོ་བ་དང་ ངལ་རངས་སྦོམ་བསྐྱེད་པའི་ དུས་ཚོད་ཅིག་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༣ ལུ་ འབྲུག་གིས་ རྒྱལ་སྤྱི་རྩེད་རིགས་ཚོགས་པའི་ འཐུས་མིའི་གྲས་ཁར་ འཛུལ་ཞུགས་འབད་ཞིནམ་ལས་ འབྲུག་རྩེད་རིགས་ཚོགས་པ་ཡང་ གཞི་བཙུགས་འབད་དེ་ ཨོ་ལིམ་པིག་ རྩེད་རིགས་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་གིས་ འབྲུག་པའི་མདའ་རྩེདཔ་ཚུ་ལུ་ སྤྲོ་བ་སྦོམ་ར་བྱུང་སྟེ་ སྦྱོང་བརྡར་ལུ་བརྩོན་ཤུགས་བསྐྱེད་དེ་ སྤྱི་ལོ་༡༩༨༦ ལུ་ ལྷོ་ཀོ་རི་ཡའི་་རྒྱལ་ས་ སི་འོལ་ལུ་སྦེ་ འགོ་འདྲེན་འཐབ་མི་ ཨེ་ཤི་ཡ་ལུང་ཕྱོགས་རྩེད་འགྲན་ནང་ བཅའ་མར་གཏོགས་པའི་ཤུལ་ལུ་ རྒྱས་སྤྱིའི་གནས་ཚད་ནང་ འགྲན་བསྡུར་ཚུ་ འཕྲོ་མཐུད་དེ་ར་འབད་བཞིན་དུ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༦ ལུ་ སིང་ག་པོར་ལུ་ འགོ་འདྲེན་འཐབ་མི་ རྒྱལ་སྤྱིའི་མདའ་རྩེད་གཟེངས་བསྟོད་རྟགས་མའི་ འགྲན་བསྡུར་ཐེངས་༡༥ པའི་ནང་ བཅའ་མར་གཏོགས་ཏེ་ རྒྱལ་ཁབ་སྤྱི་སྙོམས་དང་ སྡེ་ཚན་མཉམ་འབྲེལ་ནང་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༧ ཟླ་༦ པའི་ནང་ རྒྱལ་སྤྱིའི་མདའ་རྩེད་འགྲན་བསྡུར་ཅིག་ ཐའི་ལེནཌི་གིས་ འགོ་འདྲེན་ཐོག་ བེང་ཀོག་ལུ་རྩེད་འགྲན་འབད་མི་ནང་ལས་ཡང་ འབྲུག་གི་མདའ་རྩེདཔ་ཚུ་གིས་ ཨང་༢ པ་དང་༣ པའི་རྟགས་མ་ཚུ་ ཐོབ་ཡོདཔ་ད་ དེ་གི་ཤུལ་ལས་ ཨང་དང་པའི་ གསེར་གྱི་རྟགས་མ་དང་ཨང་༢ པའི་དངུལ་གྱི་རྟགས་མ་ཚུ་ཐོབ་ ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༨ ཀྱི་ཟླ་༩ པའི་ནང་ ལྷོ་ཀོ་རི་ཡ་གི་རྒྱལ་ས་ སི་འོལ་ལུ་འགོ་འདྲེན་འཐབ་མི་ ཨོ་ལིམ་པིག་རྩེད་རིགས་འགྲན་བསྡུར་ནང་ཡང་ སྡེ་ཚན་༣ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༠ ལུ་རྒྱ་གར་ ནིའུ་ལྡི་ལི་ལུ་ རྒྱལ་སྤྱིའི་རྩེད་འགྲན་ནང་ ཕོ་སྐྱེས་༦ དང་ཨམ་སྲུ་༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༠ ཟླ་༡༠ པའི་ནང་ ཨེ་ཤི་ཡ་ ལུང་ཕྱོགས་རྩེད་རིགས་ནང་ སྐྱེས་ལོ་༡༧ འབད་མི་ རྒྱུག་བཟང་གིས་ མདའ་རྩེདཔ་འགྲན་བསྡུར་པ་༣༩ ཡོད་པའི་གྲས་ལས་ ཨང་༡༧ པ་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༢ ཟླ་༧ པའི་ཚེས་༢༥ ལུ་ བཱར་སི་ལོ་ན་ལུ་ འགོ་འདྲེན་འཐབ་མི་ ཨོ་ལིམ་པིག་རྩེད་རིགས་འགྲན་བསྡུར་ནང་ ཨམ་སྲུ་༣ དང་ ཕོ་སྐྱེས་༣ གྱིས་བཅའ་མར་གཏོགས་ཡོདཔ་ད་ དབང་པོ་སྐྱོན་ཅན་ཨིན་མི་ བསྟན་པ་གིས་ཡང་ དེ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༡༩༩༤ ལུ་ ཇ་པཱན་ལུ་འགོ་འདྲེན་འཐབ་མི་ ཨེ་ཤི་ཡ་ལུང་ཕྱོགས་རྩེད་རིགས་འགྲན་བསྡུར་དང་ སྤྱི་ལོ་༡༩༩༥ ལུ་ ཨིན་ཌོ་ནེ་ཤི་ཡ་ལུ་ འཛམ་གླིང་མདའ་རྩེད་འགྲན་བསྡུར་ཐེངས་༣༨ པ་དང་ སྤྱི་ལོ་༡༩༩༦ ལུ་ ཨ་མི་རི་ཀ་ལུ་ ཨོ་ལིམ་པིག་ ཨེཊ་ལཱན་ཊ་ཟེར་མི་རྩེད་འགྲན་ཚུ་ནང་འཕྲོ་མཐུད་དེ་ར་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༨ ལུ་ འབྲུག་གི་མདའ་རྩེདཔ་ཚུ་གིས་ སེང་ག་པོར་ལུ་ འགོ་འདྲེན་འཐབ་མི་རྩེད་རིགས་འགྲན་བསྡུར་ནང་ལས་ ཨང་༢ པའི་རྟགས་པ་ཐོབ་ཡོདཔ་ད་ སྤྱི་ལོ་༡༩༩༩ ལུ་ བེང་ཀོག་ལུ་ རྒྱལ་སྤྱི་གནས་ཚད་ནང་གི་ རྩེད་རིགས་འགྲན་བསྡུར་ནང་ལས་ གསེར་གྱི་རྟགས་མ་༢ དང་ དངུལ་གྱི་རྟགས་མ་༡ ཐོབ་ཡོདཔ་ཨིན་པས།
སྤྱི་ལོ༢༠༠༠ ལུ་ ཨཱས་ཊེ་ལི་ཡ་ སིཌི་ནེ་གི་ འགྲན་བསྡུར་ནང་ལས་ མདའ་རྩེདཔ་༢ ཀྱིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༤ ལུ་ གཱི་རིསི་རྒྱལ་ཁབ་ཀྱི་ ཨེ་ཐེན་ལུ་ ཨོ་ལིམ་པིག་ཐེངས་༢༨ པའི་ནང་ཡང་ མདའ་རྩེདཔ་༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འཕྲལ་ཁམས་ཀྱི་གནས་སྟངས་ནང་ སྤྱི་ལོ་༢༠༠༨ ལུ་ རྒྱ་ནག་བེ་ཇིང་ལུ་ འབྲུག་གི་མདའ་རྩེདཔ་༢ ཀྱིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ དུས་ཅི་ ལོན་ཌཱོན་ཨོ་ལིམ་པིག་རྩེད་རིགས་ནང་ མདའ་རྩེདཔ་༢ ཀྱིས་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment