གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞབས་དྲུང་སྐུ་མཆོད་དང་འབྲེལ་ འཇིག་རྟེན་དབང་ཕྱུག་གི་གསོལ་འདེབས།


༢/༥/༢༠༡༢


སྤུ་ན་ཁ་ལུ་ མི་དབང་རྒྱལ་བཙུན་རྣམ་གཉིས་ འཇིག་རྟེན་དབང་ཕྱུག་ཚོགས་པའི་ འཐུས་མི་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།
༉ ཁ་ཙ་ འབྲུག་རྒྱལ་ཁབ་ནང་ ལུགས་གཉིས་ཀྱི་ ཆབ་སྲིད་འཁོར་ལོ་བསྒྱུར་བའི་ ལམ་སྲོལ་དང་པ་བཙུགས་གནང་མི་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སྐུ་མཆོད་དང་བསྟུན་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་ འཇིག་རྟེན་དབང་ཕྱུག་ཚོགས་པའི་ འཐུས་མི་ཚུ་གིས་ ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་༡,༣༡༡ བཞེངས་ནི་གི་ ལས་འགུལ་འགོ་བཙུགས་མི་ མཚམས་པ་སངས་རྒྱས་བསྟན་འཛིན་ལུ་ ཞལ་འདེབས་དངུལ་ཀྲམ་འབུམ་ལྔ་ཕུལ་ཡོདཔ་ཨིན་པས།


དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཇིག་རྟེན་དབང་ཕྱུག་ཚོགས་པའི་ འཐུས་མི་ཚུ་དང་ མཇལ་ཕྲད་གནང་ནུག།
འཐུས་མི་༡༡ ཡོད་མི་ འཇིག་རྟེན་དབང་ཕྱུག་ཚོགས་པ་དེ་ སྤྱི་ལོ་༢༠༡༡ ཟླཝ་༥ པའི་ཚེས་༡༢ ལུ་ ཞབས་དྲུང་གི་ སྐུ་མཆོད་དང་བསྟུན་ གཞི་བཙུགས་འབད་མི་དེ་ཡང་ ཚོགས་པ་དེ་གི་ འགོ་འདྲེན་ཐོག་ལུ་ ལོ་བསྟར་བཞིན་ལུ་ འཇིག་རྟེན་དབང་ཕྱུག་གི་ གསོལ་འདེབས་དུང་སྒྲུབ་བསགས་ཐོག་ལས་ རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ཚུ་ ཞི་ནི་དང་ རང་བཞིན་གྱི་ རྐྱེན་ངན་ཚུ་བཟློག་སྟེ་ ཞི་བདེ་དང་ དགའ་སྐྱིད་བྱུང་ཐབས་ལུ་ཨིན་པས།
མི་དབང་རྒྱལ་བཙུན་ ཨ་ཞེ་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ སྐྱབས་འཛིན་ཐོག་ལུ་ གཞི་བཙུགས་འབད་མི་ འཇིག་རྟེན་དབང་ཕྱུག་ཚོགས་པ་ལུ་ དད་མོས་ཅན་ཚུ་ལས་ ཞལ་འདེབས་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༢.༨༥༠ འབྱོར་མི་ལས་ དངུལ་ཀྲམ་ས་ཡ་༢.༥༣༧ ཟད་རྩིས་དང་ ཕྱག་འགྱེདཔ་ཚུ་བཏོག་སྟེ་ ལྷག་ལུས་དངུལ་ཀྲམ་ས་ཡ་༡༠.༠༣༡ ལུས་ཡོད་ཟེར་ ཚོགས་པའི་འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
འཐུས་མི་ཅིག་གིས་འབད་བ་ཅིན་ ནངས་པ་ལས་ སྤུངས་ཐང་ཁ་རྫོང་ནང་ འཇིག་རྟེན་དབང་ཕྱུག་གི་གསོལ་འདེབས་ ཉིན་གྲངས་གསུམ་གྱི་རིང་ བསག་གནང་ནི་ཟེར་ཨིནམ་ད་ དུས་ཅི་ལས་ རྫོང་ཁག་༢༠ གི་ གྲྭ་ཚང་དང་ རབ་སྡེ་ཁག་ཚུ་ལུ་ མ་རྩ་སྦེ་ ཞལ་འདེབས་དངུལ་ཀྲམ་༥༠,༠༠༠ རེ་ཕུལ་ཏེ་ ལོ་བསྟར་བཞིན་དུ་ རྫོང་ཁག་༢༠ འི་ནང་ ཉིན་གྲངས་༣ རེ་ འཇིག་རྟེན་དབང་ཕྱུག་དུང་སྒྲུབ་བསག་ནི་ཟེར་ཨིན་པས།
དེ་ལས་ མཚམས་པ་སངས་རྒྱས་བསྟན་འཛིན་གྱིས་ ཞབས་དྲུང་རིན་པོ་ཆེའི་ སྣང་བརྙན་༡,༣༡༡ བཞེངས་པའི་བསྒང་ཡོད་མི་དེ་ཡང་ རྗེ་མཁན་ཁྲི་རབས་༦༩ པ་ སྐྱབས་རྗེ་ཞིང་གཤེགས་དམ་པ་ དགེ་བཤེས་དགེ་འདུན་རིན་ཆེན་མཆོག་གིས་ འབྲུག་རྒྱལ་ཁབ་ནང་ སྐྱབས་མགོན་གོང་མ་ ཞབས་དྲུང་རིན་པོ་ཆེའི་ སྐུ་འདྲ་༡,༣༡༡ བཞུགས་སུ་གསོལ་བ་ཅིན་ འབྲུག་གི་ཆོས་སྲིད་ལུགས་གཉིས་ཀྱི་ བརྟན་པའི་དོན་ལུ་ ཚེད་དཔག་མི་ནུས་པའི་ རྟེན་འབྲེལ་འབྱུང་འོང་ཟེར་ བཀའ་སློབ་ནན་བསྐྱར་གནང་མི་དང་འཁྲིལ་ འགོ་བཙུགས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment