གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པཱན་སྦང་དྲུང་ཁག་ནང་ གློག་མེ་བཀྲམ་སྤེལ།

༣/༧/༢༠༡༢། ༉ འབྲུག་གློག་མེ་ལས་འཛིན་གྱིས་ སྤྱི་ཟླ་༧ པའི་ཚེས་༡ ལུ་ གློག་མེ་ལས་འཛིན་གྱི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ པཱན་སྦང་དྲུང་ཁག་ནང་ གློག་མེ་བཀྲམ་སྤེལ་འབད་མི་གིས་ དྲུང་ཁག་གི་ ཁྱིམ་གུང་༢༨༨ ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
དགེ་ལེགས་ཕུག་ ལུང་ཕྱོགས་ཡིག་ཚང་གི་ འཛིན་སྐྱོང་འགོ་དཔོན་འོགམ་ པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དྲུང་ཁག་དེ་ སྤྱི་ལོ་༢༠༠༩ ཚུན་ གློག་མེ་མེད་པར་སྡོད་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༩ ལས་ ཤུགས་ཚད་ ཀེ་ཝི་ཨེ་༣༨༠ འབད་མི་ ཌི་ཟིལ་གྱི་ ཇེ་ནེ་རེ་ཊར་ཅིག་གཞི་བཙུགས་འབད་ཡོདཔ་ཨིན་པས།


ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་གི་འཕྲུལ་ཆས་ཡོད་པའི་སྐབས་ ལས་འཛིན་གྱིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་འབུམ་༥ ལྷགཔ་རེ་ ཟད་འགྲོ་བཏང་དགོཔ་བྱུང་དོ་ཡོད་རུང་ དྲུང་ཁག་ལས་ ཟླ་རིམ་བཞིན་དུ་ གློག་མེ་སྤྱོད་འཐུས་དངུལ་ཀྲམ་༡༥༠༠༠ ལྷགཔ་རེ་ལས་བརྒལ་ བསྡུ་ལེན་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
ཇེ་ནེ་རེ་ཊར་དེ་ མར་ཁུ་ལུ་བརྟེན་དགོཔ་ལས་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༡༠ ལས་བརྒལ་ གློག་མེ་བཀྲམ་སྤེལ་འབད་མ་ཚུགས་ནི་དེ་གིས་ ས་གནས་ནང་སྡོད་མི་ཚུ་ལུ་ དཀའ་ངལ་བྱུང་ཡོད་མི་དེ་ ད་ལས་ཕར་ བསལ་ཚུགས་པའི་ཁར་ གློག་མེ་ཡང་རྒྱུན་ཆད་མེད་པར་ འཐོབ་ཚུགས་ནི་ཨིན་པས།
འཛིན་སྐྱོང་འགོ་དཔོན་འོགམ་གིས་ པཱན་སྦང་དེ་ ས་གནས་མཐའ་ཟུར་ཅིག་ནང་འབད་ནི་དེ་གིས་ གནམ་འབྱ་ ཆརཔ་རྐྱབ་པའི་སྐབས་ ལམ་མ་ཐར་ནི་དེ་གིས་ ས་སྣུམ་དུས་ཚོད་ཁར་ སྐྱེལ་མ་ཚུགསཔ་ལས་ དྲུང་ཁག་ནང་ གློག་མེ་མེད་པར་ ལུས་མི་ལུ་བརྟེན་ བརྡ་བརྒྱུད་ཡོངས་འབྲེལ་འཆར་སྒོ་ཚུ་ནང་ཡང་ བཀྲམ་སྤེལ་འབད་ནུག་ཟེར་ཨིན་པས།
གློག་ཤུགས་ཀི་ལོ་ཝཱཊ་༣༣ འབད་མི་དེ་ ངང་ལམ་ལས་ ནོར་བུ་སྒང་ གཡུས་ཚན་བརྒྱུད་དེ་ བཏོན་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༠ ལས་ འགོ་བཙུགས་མིའི་ལཱ་དེ་ ན་ཧིང་ལོ་ཕྱེད་དེ་ཅིག་ལུ་ མཇུག་བསྡུ་དགོཔ་ཨིན་རུང་ ལས་མི་གི་དཀའ་ངལ་ལུ་བརྟེན་ ཕར་འགྱངས་འབད་དགོཔ་བྱུང་ཡི་ཟེར་ ལུང་ཕྱོགས་འཛིན་སྐྱོང་འགོ་དཔོན་ ཀརྨ་དབང་ཕྱུག་གིས་ བཤདཔ་ཨིན་པས།
དྲུང་ཁག་ནང་ གློག་མེ་གཏོན་ནི་གི་དོན་ལུ་ ལས་འཛིན་གྱིས་ ཟད་འགྲོ་དངུལ་ཀྲམ་ ས་ཡ་༣༥ དེ་ཅིག་བཏང་ཡོདཔ་ད་ དྲུང་ཁག་ལས་ གྲོང་གསེབ་གློག་མེ་བཀྲམ་སྤེལ་ལས་འགུལ་ འགོ་བཙུགས་མི་གིས་ ད་རུང་ ཁྱིམ་གུང་༢༠༠ དེ་ཅིག་ལུ་ ཕན་ཐོགས་ཚུགས་ནི་ཨིནམ་ད་ ལས་འགུལ་དེ་ ཤུལ་མའི་ལོ་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
པཱན་སྦང་ལས་ ཚོང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་མེ་ལྷོད་མི་དེ་གིས་ གནམ་འབྱ་ལུ་ ཧེ་མ་བཟུམ་སྦེ་ མེ་མེད་པར་སྡོད་མི་དགོ་ནི་ཨིན་མས་ཟེར་ཨིན་པས།
འཛིན་སྐྱོང་འགོ་དཔོན་འོགམ་གིས་ དྲུང་ཁག་ནང་ གློག་མེ་མེད་མི་ལུ་བརྟེན་ དྲུང་ཁག་གི་ འཆར་གཞིའི་ལཱ་ཚུ་ཡང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་དཀའ་ངལ་ཐོན་ཡོད་མི་ཚུ་ ད་ལས་ཕར་ བསལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།





No comments:

Post a Comment