གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནད་འབུབ་ཨེཆ་ཨའི་བི་ཐོབ་མི་ ནདཔ་གསརཔ་༢༡ ངོས་འཛིན།

༡༧/༧/༢༠༡༢    འདས་པའི་ཟླ་ངོ་༧ གྱི་རིང་ལུ་ ནད་འབུབ་ཐོབ་མི་༢༡ ངོས་འཛིན་འབད་མི་དེ་ ད་ཚུན་གྱི་བར་ན་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ།

༉ འཕྲལ་ཁམས་ཀྱི་ གསོ་བའི་སྨན་ཁང་གི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ཟླཝ་༡༢ པའི་ཚེས་༡ ལས་ སྤྱི་ལོ་༢༠༡༢ ཟླཝ་༦ པའི་ཚེས་༣༠ ཚུན་ ཟླ་ངོ་༧ ནང་ ནད་འབུབ་ཨེཆ་ཨའི་བི་/ཨེཌསི་ཐོབ་མི་ ནདཔ་གསརཔ་༢༡ ངོས་འཛིན་བྱུང་ཡོདཔ་ལས་ རྒྱལ་ཁབ་ནང་ གདུག་ཅན་གྱི་ ནད་གཞི་ཐོབ་མིའི་གྱངས་ཁ་༢༩༡ ལུ་ ལྷོད་ཡོདཔ་ཨིན་པས།


དེ་ཡང་ ནད་ཐོབ་མི་༢༡ ལས་ སྐྱེས་ལོ་༡༤ མན་ཆད་འབད་མི་ ན་ཆུང་༣ རྩིས་ཏེ་ ཕོ་སྐྱེས་༡༠ དང་ ཨམ་སྲུ་༡༡ ཡོདཔ་ད་ ཁོང་གི་གྲས་ལས་ ནདཔ་བརྒྱ་ཆ་༨༡ དེ་ཅིག་ ཕོ་མོའི་ལུས་འབྲེལ་ལུ་བརྟེན་ ནད་འབུབ་ཐོབ་ཡོདཔ་མ་ཚད་ ནད་གཞི་ཐོབ་མི་ བརྒྱ་ཆ་༨༠ དེ་ཅིག་ སྐྱེས་ལོ་༡༥ ལས་༤༩ གི་བར་ན་ ལང་མི་ཚུ་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ ཁ་ཙ་ མི་མང་གསོ་བའི་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ནད་གཞི་ཐོབ་མི་གསརཔ་༢༡ གི་གྲས་ལས་ བརྒྱ་ཆ་༢༩ ལཱ་གཡོག་མེད་མི་ སྡེ་ཚན་ལས་དང་ བརྒྱ་ཆ་༡༤.༣ སོ་ནམ་ཞིང་པ་དང་ དེད་གཡོགཔ་ཚུ་ཨིནམ་བཞིན་དུ་ ནད་གཞི་ཐོབ་མི་ གཞུང་དང་ ལས་འཛིན་ ཚོང་པ་ དྲག་དམག་ཚུ་ལས་ཡང་ ཡོདཔ་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱིས་ གསོ་བའི་སྨན་ཁང་ཡོད་ཚད་ཅིག་ནང་ ཁས་བླངས་ཀྱི་ཐོག་ལས་ བསླབ་བཀོད་དང་ བརྟག་དཔྱད་ཞབས་ཏོག་ཚུ་ རྩ་བརྟན་བཟོ་ཞིནམ་ལས་ཚུར་ ནད་གཞི་ཐོབ་མི་ བརྒྱ་ཆ་༦༧ བདའ་ཟུན་ཡོདཔ་མ་ཚད་ བརྒྱ་ཆ་༢༨ འབྲེལ་བ་འཐབ་ཐོག་ལས་ ངོས་འཛིན་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཨེཆ་ཨའི་བི་/ཨེཌསི་དང་ ཨེསི་ཊི་ཨའི་ནད་བཀག་ལས་རིམ་གྱི་ འཛིན་སྐྱོང་པ་ རྣམ་རྒྱལ་ཚེ་རིང་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ འདས་པའི་ཟླ་ངོ་༧ གྱི་རིང་ལུ་ ནད་འབུབ་ཐོབ་མི་༢༡ ངོས་འཛིན་འབད་མི་དེ་ ཟླཝ་རེ་ལུ་ ནདཔ་༣ གྱི་རྩིས་ཨིནམ་ལས་ གྱངས་ཁ་མཐོ་ཤོས་ཅིག་ཨིན་ཟེར་ཨིན་པས།
སྤྱི་ལོ་༡༩༩༣ ལས་ཚུར་ ནད་གཞི་ཐོབ་མི་ སྐྱེས་ལོ་༡༤ མན་ཆད་འབད་མི་ ཨ་ལུ་༢༥ རྩིས་ཏེ་ མི་གྲངས་༢༩༡ ལུ་ ཡར་སེང་སོང་ཡོད་མི་ལས་ ད་ཚུན་གྱི་བར་ན་ ནདཔ་༥༢ ལུ་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ ནདཔ་ཚུ་གི་གྲས་ལས་ ཕྱི་མི་༡༣ ཁོང་རའི་རྒྱལ་ཁབ་ནང་ ལོག་བཏང་ཡོདཔ་མ་ཚད་ ནདཔ་༡ རྒྱལ་ཁབ་ཀྱི་ ཕྱི་ཁར་སྡོད་མི་ འབྲུག་མི་ཨིནམ་ད་ ད་རེས་ནངས་པ་ ནདཔ་༨༦ ཨེ་ཨར་ཊི་ཟེར་མི་ ཚེ་བསྲིང་སྨན་ཁབ་རྐྱབ་པའི་བསྒང་ཡོདཔ་མ་ཚད་ ཚེ་བསྲིང་སྨན་བཅོས་འབད་བའི་བསྒང་ཨིན་མི་ ནདཔ་༡༥ ཤི་སོཔ་ཨིན་པས།
ནད་གཞི་ཐོབ་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༥༡ ཨམ་སྲུ་དང་ བརྒྱ་ཆ་༤༩ ཕོ་སྐྱེས་ཨིན་པའི་ཁར་ སྤྱི་ལོ་༢༠༡༢ ཟླཝ་༦ པའི་ཟླ་མཇུག་ལུ་ མགར་ས་རྫོང་ཁག་མ་གཏོགས་ རྫོང་ཁག་༡༩ ཆ་མཉམ་ནང་ ནད་འབུབ་ཨེཆ་ཨའི་བི་ཐོབ་ཡོད་པའི་ གནས་ཐོ་བཀོད་ནུག།
འཛམ་གླིང་སྤྱི་ཚོགས་ཨེཌསི་ལས་རིམ་གྱིས་ སྤྱི་ལོ་༢༠༠༩ ལོ་མཇུག་ལུ་ འབྲུག་རྒྱལ་ཁབ་ནང་ ཉུང་ཤོས་ནད་འབུབ་ཨེཆ་ཨའི་བི་ཐོབ་མི་༥༠༠ འཐོན་འོང་ཟེར་ སྔོན་རྩིས་བཏོན་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment