གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལུ་ གཞུང་ས་ཁག་༢༢ གླ་ཁར་བཏང་ཡོདཔ།

༡༦/༧/༢༠༡༢   ༉ སྤྱི་ཚོགས་ཀྱི་ཚོགས་རིམ་༩ པའི་ནང་ གཞུང་གིས་ སྤྲོ་བ་གློག་སྙན་ཁང་གི་ ས་ཆ་གླ་ཁར་བཏང་ཡོད་པའི་གནས་དོན་ཐོག་ གསུང་གྲོས་ཡུན་རིངམོ་སྦེ་ར་ བྱུང་ཡོདཔ་བཞིན་དུ་ དེ་གིས་ མི་མང་ལུ་ ཐིམ་ཕུ་ཁྲོམ་ཁར་ གཞུང་ས་གླ་ཁར་ ག་དེ་སྦེ་ར་ བཏང་ཡོདཔ་ཨིན་ན་ཟེར་བའི་ དོགས་པ་ཆགས་དགོཔ་བྱུང་ཡོདཔ་ཨིན་པས།


དེ་དང་འབྲེལ་ ཀུན་གསལ་གྱིས་ བརྡ་དོན་ཐོབ་མིའི་ ལུགས་མཐུན་གྱི་ཐོ་བཀོད་དང་འཁྲིལ་བ་ཅིན་ ད་ཚུན་གྱི་རིང་ གཞུང་གིས་ ས་ཆ་ཌེ་སི་མཱལ་༣ ལས་ ཨེ་ཀར་༥ ཚུན་གྱི་བར་ན་ གླ་ཁར་བཏང་ཡོདཔ་ད་ ཐིམ་ཁྲོམ་ནང་འཁོད་ལུ་ ལས་འཛིན་དང་ གཞུང་མིན་ལས་སྡེ་ སྒེར་གྱི་སློབ་གྲྭ་ ས་སྣུམ་བཀྲམ་སྤེལ་ཁང་ དེ་ལས་ བཟའ་ཁང་དང་ སྒེར་སྡེ་དག་པ་ཅིག་རྩིས་ཏེ་ གཞུང་ས་བསྡོམས་ ས་ཁོངས་༢༢ དེ་ཅིག་ གླ་ཁར་བཏང་ཡོད་མིའི་ནང་ ཡོངས་བསྡོམས་ཨེ་ཀར་༢༨ དེ་ཅིག་ཡོདཔ་ཨིན་པས།
ས་ཆའི་གླ་འཐུས་ཡང་ ཉུང་ཤོས་ལོ་རེའི་ནང་ ས་ཆ་ ཕིཊི་གྲུ་བཞི་རེ་ལུ་ ཕྱེད་ཀྲམ་༡ རེ་སྦེ་ འབྲུག་རྩེད་རིགས་ཚོགས་པ་ལུ་ ལོ་ངོ་༣༠ འི་རིང་ ས་ཆ་ཌེ་སི་མཱལ་༧༢ ལས་ ཌེ་སི་མཱལ་༥༠༥ གི་བར་ན་འབད་མི་ ས་ཚན་ཁག་༤ ལྕང་འབངས་འབྲུ་དང་ འབྱུང་བཞི་ན་ མུ་ཏིག་ཐང་ཚུ་ནང་ གླ་ཁར་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་དང་རྩེད་རིགས་ལས་ཁུངས་ལུ་ཡང་ གླང་རྒྱུག་ཕར་ཁ་ལུ་ ས་ཆ་ཨེ་ཀར་༡ ལོ་རེ་ལུ་ གླ་འཐུས་ཕྱེད་ཀྲམ་༡ རེ་སྦེ་ གླ་ཁར་བཏང་ཡོདཔ་ད་ གླ་འཐུས་མཐོ་ཤོས་ར་ ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་མི་ཚུ་ལུ་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ ལོ་རེ་ནང་ དངུལ་ཀྲམ་༢༠ རེ་སྦེ་ གླ་ཁར་བཏང་ཡོདཔ་ཨིན་པས།
ས་ཆ་ཕིཊ་རེ་ལུ་ དངུལ་ཀྲམ་༢༠ རེ་སྤྲོད་མི་ཚུ་ཡང་ ལྕང་ཟམ་ཏོག་ལུ་ ས་ཆ་ཌེ་སི་མཱལ་༢༤ ནང་ཡོད་པའི་ དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་དང་ ཝང་ཆུ་ལྟག་པ་ལུ་ ས་ཆ་ཌེ་སི་མཱལ་༥ ནང་ གཞི་ཆགས་ཡོད་མི་ རྣམ་རྒྱལ་ཧེ་རི་ཊེཇ་མགྱོན་ཁྱིམ་ ལྕང་གུམ་ཇི་ལུ་ བང་ལ་དེཤ་དོན་གཅོད་ཡིག་ཚང་གི་སྦོ་ལོགས་ཁར་ ས་ཆ་ཌེ་སི་མཱལ་༢༥ ནང་ དགའ་གླིང་ཁ་མགྱོན་ཁྱིམ་ དེ་ལས་ ནོར་འཛིན་ལམ་བདའ་སྟེ་ སྒེར་སྡེ་༡ ལུ་ ས་ཆ་ཌེ་སི་མཱལ་༣ དེ་ཅིག་ གླ་ཁར་བྱིན་མི་ཚུ་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱིས་ བདེ་ཆེན་ཆོས་གླིང་དང་ ལྕང་སྒྱིད་དར་ཕུག་ ལྕང་ཇི་ཇི་ ཝང་ཆུ་ལྟག་པ་ཚུ་ནང་ ས་གོ་ཁག་༡༢ ནང་ ས་ཆ་བསྡོམས་ ཌེ་སི་མཱལ་༦༠ དེ་ཅིག་ ཕིཊི་གྲུ་བཞི་ལུ་ དངུལ་ཀྲམ་༡༠ རེ་སྦེ་ ལོ་ངོ་༣༠ གི་དོན་ལུ་ གླ་ཁར་ལེན་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་འོག་ལུ་ཡོད་པའི་ ཐིམ་ཕུ་གོལཕ་རྩེད་ཐང་དེ་ཡང་ ཕིཊ་གྲུ་བཞི་ལུ་ དངུལ་ཀྲམ་༡༠ རེ་སྦེ་ གླ་ཁར་བཏང་ཡོད་པའི་ཁར་ སྒེར་གྱི་སློབ་གྲྭ་ཚུ་གིས་ ས་ཆ་གླ་ཁར་ཡོད་མི་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༡ རེ་གཞུང་ལུ་ གླ་འཐུས་སྤྲོད་དོ་ཡོདཔ་ཨིན་པས།
གླ་ཁར་བཏང་མི་ ས་ཆ་མང་ཤོས་ར་ སའི་བཅའ་ཁྲིམས་དང་འཁྲིལ་ཏེ་ ལོ་ངོ་༣༠ གི་དོན་ལུ་ཨིན་རུང་ ས་ཆ་ཌེ་སི་མཱལ་༧༤ དེ་ཅིག་ནང་ཡོད་པའི་ ཏཱ་ར་ཡ་ན་ གཞི་ཚོགས་ཡིག་ཚང་སྒྲིང་ཁྱིམ་དེ་ ལོ་ངོ་༥༠ གི་དོན་ལུ་ ཕིཊི་གྲུ་བཞི་ལུ་ དངུལ་ཀྲམ་༡ རེ་སྦེ་ གླ་ཁར་སྤྲོད་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞུང་ས་སྒེར་སྡེ་ཚུ་ལུ་ གླ་ཁར་བཏང་བའི་གནས་ཐོ་ ཚུལ་ལྡན་ཅིག་མེདཔ་ལས་ ས་ཆའི་གླ་འཐུས་མ་འདྲཝ་སྦེ་ ཆ་མཚུངས་མེད་པའི་སྐོར་ལས་ ཁ་གསལ་སླབ་མི་ཚུགས་པས་ཟེར་ཨིནམ་ད་ ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ གཞུང་ས་གླ་ཁར་གཏང་ནི་དེ་ ནམ་ལས་འགོ་བཙུགས་ནུག་ག་ མི་ཤེས་པས་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཞུང་གིས་ གཞུང་ས་གླ་ཁར་བཏངམ་ད་ ཚད་གཞི་དང་ ཁྱད་ཚད་ཚུ་ ག་དེ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ ཤེས་གསལ་མེད་རུང་ ད་རེས་ཀྱི་ གནས་སྟངས་ནང་བཟུམ་འབད་བ་ཅིན་ ཚོང་འབྲེལ་དོན་ལུ་ གླ་ཁར་བྱིན་ནི་མེན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་དང་འཁྲིལཝ་ད་ འབྲུག་བརྒྱུད་འཕྲིན་དང་ གློག་མེ་ལས་འཛིན་ལུ་རྐྱངམ་གཅིག་ མི་སྡེ་ལུ་མཁོ་བའི་ ཞབས་ཏོག་ཨིནམ་ལས་ ས་ཆ་གླ་ཁར་གཏང་ནི་གི་འོས་འབབ་ཡོད་ཟེར་ཨིན་པས།
གལ་སྲིད་ ཁྲོམ་སྡེའི་མི་སྡེ་ལུ་ཕན་རླབས་ཅན་གྱི་ ལྷན་ཐབས་རེ་ཡོད་མི་ དཔེར་ན་ ཁང་མིག་ནང་ལུ་ འགོ་འདྲེན་འཐབ་ནི་གི་ རྩེད་རིགས་ཚུ་གི་ མཐུན་རྐྱེན་ཡོད་པའི་ སྤྱི་དོན་ཁང་བཟུམ་ཅིག་འབད་བ་ཅིན་ ས་ཆ་གླ་ཁར་གཏང་ནི་ལུ་ ངོས་ལེན་འབད་ཚུགས་ནི་ཨིན་རུང་ ཚོང་འབྲེལ་གཞན་གྱི་དོན་ལུ་ འབད་བ་ཅིན་ ས་ཆ་གླ་ཁར་མི་བྱིན་ཟེར་ཨིན་པས།
ས་ཆའི་གླ་འཐུས་ཀྱི་ཐད་ལུ་ ཚོང་འབྲེལ་གྱི་དོན་ལུ་འབད་བ་ཅིན་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢༠ རེ་དང་ གཞན་མི་ཚུ་ལུ་ ལོ་རེའི་ནང་དངུལ་ཀྲམ་༡ དང་༢ ཀྱི་བར་ན་ ཡོདཔ་ཨིན་ཟེར་ཨིན་པས།
སྐལ་སྐྱིད་འབྲིང་རིམ་སླབ་གྲྭ་གོང་མ་དེ་ ཚོང་འབྲེལ་ལས་དོན་ཅན་གྱི་གནས་སྟངས་ནང་ཚུད་ཡོདཔ་ལས་ གླ་འཐུས་ཡར་སེང་འབད་དགོ་པའི་དོན་ཚན་བཀོད་དེ་ ཡིག་གུ་བཏང་ཡི་ཟེར་ ཁོ་གིས་བཤད་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment