གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཐོན་སྐྱེད་བཙོང་ཁང་ ལོག་སྒོ་ཕྱེ་ཡོདཔ།

ལོག་སྒོ་ཕྱེས་མི་ ཚོད་བསྲེ་ཁྲོམ།
 ༣/༧/༢༠༡༢། ༉ མོང་སྒར་ གླིང་མི་ཐང་ཁྲོམ་ཁར་སྡོད་དེ་ ལོ་༥ ལྷགཔ་ཅིག་སོང་མི་ སྐྱེས་ལོ་༢༦ ལང་མི་ ཟླ་བ་དབྱངས་སྐྱིད་དེ་ བདུན་ཕྲག་ཨ་རྟག་ར་ ཟད་འགྲོ་སྦོམ་བཏང་ཐོག་ལས་ མོང་སྒར་དང་ རྒྱལ་པོའི་ཞིང་ཁྲོམ་ཚུ་ནང་ ཚོད་བསྲེ་ཉོ་བར་ འགྱོ་དགོཔ་ཐོན་ཡོདཔ་ཨིན་རུང་ ད་ལས་ཕར་ མོ་ལུ་ དེ་བཟུམ་མའི་དཀའ་ངལ་ཚུ་ མི་བྱུང་ནི་ཨིན་པས།

དེ་ཡང་ འདས་པའི་རེས་གཟའ་ཉི་མ་ལུ་ ཧེ་མ་ཚར་ཅིག་ སྒོ་བསྡམ་བཞག་མི་ སོ་ནམ་ཐོན་བསྐྱེད་ཚུ་ ཚོང་འབྲེལ་འཐབ་སའི་ བཙོང་ཁང་དེ་ ལོག་སྒོ་ཕྱེ་ཡོད་མི་ལུ་བརྟེན་ཏེ་ཨིནམ་ད་ དེ་ནང་ ཁྲོམ་གྱི་སྦོག་ལོགས་ཁར་སྡོད་མི་ སོ་ནམ་ཞིང་པ་ཚུ་གིས་ དམིགས་བསལ་ ཚོད་བསྲེ་ཚུ་ བཙོང་ནི་ཨིན་པས།
འགོ་འབྱེད་རྟེན་འབྲེལ་གྱི་སྐབས་ལུ་ ས་གླིང་གཡུས་ཚན་དང་ བྱང་དུང་ བཙན་ས་སྦིས་ དེ་ལས་ མ་སྲང་ད་ཟ་ གཡུས་ཚན་ཚུ་ལས་ སོ་ནམ་པ་༧༠ དེ་ཅིག་གིས་ སོ་ནམ་ཐོན་སྐྱེད་ རིགས་མ་འདྲཝ་༡༥ དེ་ཅིག་ བཙོང་ཡོདཔ་ཨིན།
ཞི་གཡོགཔ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཚོད་བསྲེ་ཉོ་བར་ ས་གནས་དེ་ཁར་ལས་ ཐག་ཉེ་ཤོས་ཅིག་ཨིན་མི་ རྒྱལ་པོའི་ཞིང་ཁྲོམ་ཁར་ འགྱོ་དགོཔ་ལས་ གླ་འཁོར་ཚུ་གི་དོན་ལུ་ ཟད་འགྲོ་སྦོམ་བཏང་དགོཔ་ ཐོན་ཡོདཔ་ཨིན་རུང་ ད་ལས་ཕར་ ཚོད་བསྲེ་ཚུ་ ས་གནས་དེ་ཁར་ལས་ར་ འཐོབ་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
གླིང་མི་ཐང་ལས་ རྒྱལ་པོ་ཞིང་ཚུན་ ཀི་ལོ་མི་ཊར་༨ དེ་ཅིག་ ཡོདཔ་ཨིན་པས།
བཙན་ཟ་སྦིས་གཡུས་ཚན་ལས་ སོ་ནམ་པ་ཨྱོན་གྱིས་སླབ་མིའི་ནང་ ཧེ་མའི་ ཚོད་བསྲེ་བཙོང་ཁང་དེ་ནང་ ཚོད་བསྲེ་བཙོང་མི་ གཡུས་མི་མངམ་སྦེ་ མ་ཐོན་མི་དེ་ཡང་ གོང་ཚད་ཁེ་ཏོག་ཏོ་སྦེ་ཐོབ་མི་ རྒྱ་གར་གྱི་ ཚོད་བསྲེ་ཚུ་ལུ་བརྟེན་ཏེ་ཨིནམ་བཞིན་དུ་ དེ་བསྒང་ གཡུས་མི་ཚུ་གིས་ཡང་ ཚོད་བསྲེ་ཚུ་ རང་གི་དོན་ལུ་ལངམ་ཅིག་ལས་ འཛུགས་སྐྱོང་མ་འབད་མི་ལུ་བརྟེན་ཏེ་ ཨིན་ཟེར་སླབ་ཅི།
ཨིན་རུང་ ད་ལས་ཕར་ རྒྱལ་ཁབ་ནང་ ཚོད་བསྲེ་ནང་འདྲེན་འབད་ནི་ཚུ་ མར་ཕབ་འབད་དེ་ ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནིའི་ འཆར་གཞི་ཡོད་མི་དང་འཁྲིལ་ དམིགས་བསལ་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་ནང་ ལཱ་ཤུགས་བཏོན་ནི་ཨིན་ཟེར་ཨིན་པས།
འཕྲིན་དང་སྦིས་གཡུས་ཚན་ལས་ ཨཔ་ཚེ་དབང་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ད་རེས་ཀྱི་གནས་སྟངས་དང་འཁྲིལ་ སོ་ནམ་ཐོན་སྐྱེད་བཙོང་ཁང་ ལོག་སྒོ་ཕྱེ་མི་དེ་ དུས་མཐུན་ཅིག་ཨིན་པས་ཟེར་ཨིན་པས།
ཁོ་གིས་ འགོ་བྱེད་ཀྱི་ཉིནམ་དེ་ལུ་ ཀེ་བ་དང་ གཞན་མི་ཚོད་བསྲེ་གི་རིགས་ཚུ་ བཙོང་ཐོག་ལས་ འོང་འབབ་དངུལ་ཀྲམ་༧༠༠ དེ་ཅིག་ བཟོ་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ་ད་ ས་གླིང་རྒཔོ་ བསོད་ནམས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ས་གླིང་རྒེད་འོག་ནང་ ལོ་ཐོག་དང་ དངུལ་ཐོག་ ག་ཅི་ར་འཛུགས་སྐྱོང་འབད་རུང་ ཐོན་སྐྱེད་ལེགས་ཤོམ་བྱུང་དོ་ཡོདཔ་ལས་ ད་ལས་ཕར་ མི་སེར་ཚུ་གིས་ དངུལ་གྱི་འོང་འབབ་ ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འགོ་འབྱེད་ཀྱི་སྐབས་ དྲང་དཔོན་བགྲེསཔ་ བསོད་ནམས་བཟང་པོ་གིས་འབད་རུང་ ས་གླིང་རྒེད་འོག་གི་ས་ཆ་དེ་ བཅུད་ལྡན་ཅིག་འབད་རུང་ ད་ལྟོ་ཚུན་ སོ་ནམ་པ་ཚུ་གིས་ རང་སོའི་ སོ་ནམ་ཐོན་སྐྱེད་ཚུ་བཙོང་ནི་ལུ་ ངོ་ཚ་སྟེ་སྡོད་ཡོདཔ་ཨིན་རུང་ ད་ལས་ཕར་ རང་མགོ་རང་འདྲོངས་ བཟོ་ཐབས་ལུ་དམིགས་ཏེ་ ལཱ་རྩ་འགེངས་འབད་བའི་ཁར་ འོང་འབབ་བཟོ་ནི་ལུ་ཡང་ སེམས་ཤུགས་སྐྱེད་དགོ་ཟེར་ སླབ་ཨིན་པས།
བཙོང་ཁང་དེ་ སོ་ནམ་ཚོང་འབྲེལ་གྱིས་ དངུལ་ཀྲམ་༣༤,༠༠༠ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ ཉམས་བཅོས་འབད་ཡོདཔ་ད་ བཙོང་ཁང་དེ་ཡང་ ཨ་རྟག་ར་ སྒོ་ཕྱེ་བཞག་ནི་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment