གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་བཞག་འཐུས་ ཡར་སེང་འབད་མི་ལུ་ཉོགས་བཤད།

ཐིམ་ཁྲོམ་གྱི་ ས་ཁོངས་ཚུ་ནང་ སྣུམ་འཁོར་བཞག་འཐུས་ ཡར་སེང་འབད་མི་དེ་ ཁྲོམ་སྡེ་ལས་འཛིན་ཨིནམ་ལས་ འཐུས་བསྡུ་ལེན་འབད་མི་ ལས་སྡེ་ལུ་ ཉོགས་བཤད་བཀོད་ནི་གི་ འོས་འབབ་མེདཔ་ཨིན་པས།
སྣུམ་འཁོར་ཀཱར་ཅིག་གུ་ བཞག་འཐུས་ཀྱི་ཤོག་འཛིན་ བཙུགས་བཞག་པའི་བསྒང་།
 ༣/༧/༢༠༡༢། ༉ འདས་པའི་བདུན་མཐའ་ལས་ འགོ་བཙུགས་ཏེ་ ཐིམ་ཕུ་ཁྲོམ་གྱི་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ནང་ སྣུམ་འཁོར་བཞག་འཐུས་ཀྱི་ ཚད་གཞི་ཡར་སེང་འབད་ཡོདཔ་ཨིན་པས།
ཁྲོམ་གོང་མའི་ ནང་འཁོད་ཀྱི་ ནོར་འཛིན་ལམ་བདའ་སྟེ་འབད་བ་ཅིན་ ཧེ་མ་ སྣུམ་འཁོར་ཆུང་བའི་རིགས་ཚུ་ དུས་ཡུན་སྐར་མ་༣༠ བཞགཔ་ད་ བཞག་འཐུས་དངུལ་ཀྲམ་༥ ལེན་མི་དེ་ དངུལ་ཀྲམ་༡༥ ལུ་ ཡར་སེང་འབད་ཡོདཔ་ད་ གཞན་ཁྲོམ་གོང་མའི་ ནང་འཁོད་ལུ་མེན་མི་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ནང་ དུས་ཡུན་སྐར་མ་༣༠ ལུ་ འཐུས་དངུལ་ཀྲམ་༡༠ རེ་ སྤྲོད་དགོཔ་ཨིན་པས།


དེ་བཟུམ་སྦེ་ འགྲུལ་འཁོར་ འཁོར་ལོ་གཉིསམ་ཚུ་ ཁྲོམ་གོང་མའི་ ནང་འཁོད་ཀྱི་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ནང་ ད་ལས་ཕར་ བཞག་འཐུས་དངུལ་ཀྲམ་༡༠ རེ་ ཕོག་ནི་ཨིནམ་ད་ སྣུམ་འཁོར་ཆེ་བའི་རིགས་ བཱསི་དང་ ཌི་སི་ཨེམ་དང་ ཊཱག་ཚུ་གིས་ དངུལ་ཀྲམ་༢༥ རེ་ སྤྲོད་དགོ་ནི་ཨིནམ་ད་ ཁྲོམ་གོང་མའི་ ནང་འཁོད་ལུ་མེན་མི་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ནང་འབད་བ་ཅིན་ འགྲུལ་འཁོར་ འཁོར་ལོ་གཉིསམ་ཚུ་གིས་ དུས་ཡུན་སྐར་མ་༣༠ ལུ་ དངུལ་ཀྲམ་༥ དང་ སྣུམ་འཁོར་ཆེ་བའི་རིགས་ཚུ་གིས་ འཐུས་དངུལ་ཀྲམ་༢༠ རེ་ སྤྲོད་དགོཔ་ཨིན་པས།
སྣུམ་འཁོར་བཞག་འཐུས་ བསྐྱར་གསོ་ཐོག་ལས་ འཐུས་ཡར་སེང་འབད་མི་དེ་ སྣུམ་འཁོར་བཞག་འཐུས་ བསྡུ་ལེན་གྱི་རིན་བསྡུར་ནང་ ལོ་༡ ལུ་ དངུལ་ཀྲམ་ས་ཡ་༢༢.༡ རིན་བསྡུར་འབད་མི་ མཐུན་འབྲེལ་གཡང་གསུམ་ལས་སྡེ་གིས་ ཐོབ་ཡོདཔ་ལས་ ལག་ལེན་འགོ་བཙུགས་པའི་ཉིནམ་ལས་ སྣུམ་འཁོར་བཞག་འཐུས་ཚུ་ཡང་ ཡར་སེང་འབད་ཡོདཔ་ཨིན་པས།
འདས་པའི་སྤྱི་ཟླ་༦ པའི་ཚེས་༣༠ ལུ་ གསལ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ ལས་སྡེ་གིས་ སྣུམ་འཁོར་བཞག་འཐུས་ སྔོན་སྤྲོད་ཐོག་གི་ཤོག་བྱང་ ཟླཝ་༣ རེའི་ དུས་ཡུན་ལུ་ འཐུས་དངུལ་ཀྲམ་༡,༠༠༠ རེ་འབད་མི་ ཞབས་ཐོག་ཡང་ ཡོད་ཟེར་ཨིནམ་ད་ ལས་སྡེ་གིས་ སྣུམ་འཁོར་བཞག་འཐུས་ བསྡུ་ལེན་འབད་མི་ ལས་བྱེདཔ་༢༥ བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ སྣུམ་འཁོར་བཞག་འཐུས་ཡར་སེང་འབད་དགོ་པའི་ རྒྱུ་མཚན་ཁ་གསལ་ཅིག་ ག་ནི་ཡང་ མེད་པའི་ཁར་ སྣུམ་འཁོར་བཞག་འཐུས་ སྔོན་སྤྲོད་ཀྱི་ ཤོག་བྱང་མེད་པ་ཅིན་ མི་ག་ར་འབད་རུང་ དུས་ཡུན་སྐར་མ་༣༠ རེ་ལུ་ གསལ་བསྒྲགས་འབད་ཡོད་པའི་ རིན་གོང་དང་འཁྲིལ་ཏེ་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ནང་ལས་ འཐུས་བསྡུ་ལེན་འབད་མི་ཚུ་གིས་ ལེན་འོང་ཟེར་ཨིན་པས།
སྣུམ་འཁོར་ལག་ལེན་འཐབ་མི་ཚུ་གིས་འབད་བ་ཅིན་ སྣུམ་འཁོར་བཞག་འཐུས་ ཡར་སེང་གི་སྐོར་ལས་ མི་མང་ལུ་ སྙན་ཞུ་ག་ནི་ཡང་མེད་པར་ འགོ་བཙུགས་ཡོདཔ་མ་ཚད་ ཡར་སེང་འབད་མི་དེ་ཡང་ རྒྱུ་མཚན་དང་ ལྡན་ཏོག་ཏོ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ འཐུས་ཡར་སེང་འབད་དགོ་པའི་ གནད་དོན་སྐོར་ལས་ སླབ་མི་བཏུབ་པས།
མཐུན་འབྲེལ་གཡང་གསུམ་ལས་སྡེའི་ཇོ་བདག་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ སྣུམ་འཁོར་བཞག་འཐུས་ ཡར་སེང་འབད་མི་དེ་ལུ་ ལག་ལེན་འཐབ་པའི་ཉིནམ་ལས་ འགོ་བཙུགས་ཏེ་ ཉོགས་བཤད་བཀོད་མི་ ལེ་ཤ་ཐོན་ཡི་ཟེར་ཨིནམ་ད་ འཐུས་ཡར་སེང་འབད་མི་དེ་ ངོ་མ་ར་ ཁྲོམ་སྡེ་ལས་འཛིན་ཨིནམ་ལས་ མི་མང་གིས་ ཧ་མི་གོ་བས་ཟེར་ཨིནམ་ད་ ལས་སྡེ་གིས་ ཡར་སེང་འབད་འབདཝ་མེན་ཟེར་ཨིན་པས།
སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ནང་ འཐུས་བསྡུ་ལེན་འབད་མི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ འཐུས་ཡར་སེང་འབད་ཡོད་མི་དེ་ མི་མང་ལུ་ གོ་བརྡ་སྤྲོད་འབད་ནི་ལུ་ ལཱ་ཁག་རྐྱབ་པའི་ཁར་ ལ་ལུ་ཅིག་གིས་ ལས་བྱེདཔ་ཚུ་ལུ་ ཚོགས་བརྡ་ཡང་ བཏང་ནུག་ཟེར་ཨིན་པས།
སྣུམ་འཁོར་བཏང་མི་ ལ་ལུ་ཅིག་གིས་ སྣུམ་འཁོར་བཞག་འཐུས་ ཡར་སེང་འབད་མི་དེ་ འོས་འབབ་མེདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ སྣུམ་འཁོར་བཞག་འཐུས་ ཡར་སེང་རྐྱབ་དགོ་པའི་ དུས་ཚོད་རན་ཡི་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ཡར་སེང་ལུ་བརྟེན་ འཐུས་མངམ་སྤྲོད་དགོ་པའི་ གནས་སྟངས་ཐོན་རུང་ ད་ལས་ཕར་ སྣུམ་འཁོར་བཏང་མི་ཚུ་གིས་ དུས་ཡུན་མངམ་བཞག་པ་ཅིན་ འཐུས་ཡང་ མང་སུ་ཕོག་ནི་ཨིནམ་ལས་ སྣུམ་འཁོར་བཞག་ས་ མ་ཐོབ་པའི་དཀའ་ངལ་ཚུ་ དུམ་གྲ་ཅིག་ བསལ་ཚུགས་པའི་འོས་འབབ་ མཐོངམ་མས་ཟེར་ སླབ་པའི་གནས་ཚུལ།

No comments:

Post a Comment