གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞབས་དྲུང་དག་སྣང་མའི་ མཐོང་གྲོལ་གསར་བསྒྲུབས་ལུ་ རབ་གནས་གནང་ཡོདཔ།

དད་ཅན་ཚུ་གིས་ མཐོང་གྲོལ་ལུ་ སྙན་དར་ཕུལ་བའི་བསྒང་།
 ༣༠/༦/༢༠༡༢། ༉ ཁ་ཙ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་གྱི་ ཉིནམ་དང་འབྲེལ་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐིམ་ཕུ་སེམས་རྟོགས་ཁ་རྫོང་ནང་སྦེ་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ་ གསརཔ་བསྒྲུབས་མི་ལུ་ རབ་གནས་གནང་ཡོདཔ་མ་ཚད་ མི་མང་ལུ་ ཞབས་དྲུང་དག་སྣང་མའི་ དབང་ཡང་གནང་ཡི།

མཐོང་གྲོལ་བཞེངས་མི་ ཚོགས་པའི་དྲུང་ཆེན་ ཀུན་བཟང་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱ་ཚད་ཕིཊ་༡༤ དང་ མཐོ་ཚད་ཕིཊ་༡༦ འབད་མི་ མཐོང་གྲོལ་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༡༦,༥༠,༠༠༠ བཏང་ཡོདཔ་ད་ མ་དངུལ་ཚུ་ཡང་ སློབ་ཕྲུག་བགྲེསཔ་ཚུ་དང་ དད་ཅན་སྦྱིན་བདག་ཚུ་གིས་ རྒྱབ་སྐྱོར་འབད་མི་དང་འཁྲིལ་ ཟླ་ངོ་༡༡ ནང་ མཐོང་གྲོལ་བཞེངས་ཚུགསཔ་ལས་ བསམ་པ་རྫོགས་ཡི་ཟེར་ཨིན་པས།
ཞབས་དྲུང་དག་སྣང་མའི་མཐོང་གྲོལ་དེ་ སེམས་རྟོགས་ཁ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ སློབ་ཕྲུག་བགྲེསཔ་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་བཞེངས་ཡོདཔ་ད་ དེ་ཡང་ ཚོགས་པའི་ཁྲི་འཛིན་ འཕྲིན་ལས་རྒྱ་མཚོ་དང་ སེམས་རྟོགས་ཁ་ རིག་གཞུང་སློབ་གྲྭའི་སློབ་དཔོན་ ཀུན་བཟང་རྡོ་རྗེ་ སེམས་རྟོགས་ཁ་བཤད་གྲྭའི་དབུ་འཛིན་ སྤ་རོ་ལས་ དྲུང་འཚོ་རྟ་མགྲིན་ཕུརཔ་ དེ་ལས་ ཐིམ་ཕུ་ ཤེས་རིག་ལས་རོགས་འགོ་དཔོན་ ཨྱོན་ཚེ་རིང་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཚོགས་པའི་ཁྲི་འཛིན་ འཕྲིན་ལས་རྒྱ་མཚོ་གིས་ སླབ་མི་དང་འཁྲིལཝ་ད་ ཞབས་དྲུང་དག་སྣང་མའི་ མཐོང་གྲོལ་བཞེངས་དགོ་པའི་དམིགས་ཡུལ་དང་པ་དེ་ རྫོང་ཁག་༢༠ ནང་ ཞབས་དྲུང་ཕུན་སུམ་ཚོགས་པའི་ མཐོང་གྲོལ་དང་ གཞན་ཞབས་དྲུང་གི་ མཐོང་གྲོལ་ལེ་ཤ་ཡོད་རུང་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ་མེདཔ་ལས་ ཚོགས་པའི་འཐུས་མི་ཚུ་གིས་ གྲོས་བསྟུན་འབད་ཐོག་ལས་ བཞེངས་ཡི་ཟེར་ཨིན་པས།
གཉིས་པ་ རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་བགྲེསཔ་ཚུ་ ལོ་བསྟར་བཞིན་དུ་ འཛོམས་ཐོག་ལས་ དཀར་པོ་དགེ་བའི་ལཱ་ ཚོགས་འཁོར་བསྐོར་ནི་དང་ མགོན་པོ་སྟོང་ཚོགས་གནང་ནི དེ་ལས་ གཞན་གལ་གནད་ཅན་ཚུ་ གྲོས་བསྟུན་འབད་ནིའི་དོན་ལུ་དང་ ལྷག་པར་དུ་ སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭ་དེ་ ཀྲོང་གསར་རྫོང་ཁག་ སྟག་རྩེ་ལུ་ སྤོ་སོར་འབད་བའི་ རྗེས་དྲན་གྱི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱིར་གྱི་སེམས་ཅན་དང་ སྒོས་སུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ཞི་ནི་དང་ ཆབ་སྲིད་དར་ཞིང་རྒྱས་ནིའི་དོན་ལུ་ ཨིན་ཟེར་སླབ་ཨིན་པས།
རིག་གཞུང་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་བགྲེསཔ་ སྤ་རོ་རྒྱལ་ཡོངས་ཤེས་རིག་སྤེལ་ཁང་གི་ སློབ་སྟོན་པ་ པདྨ་དོན་གྲུབ་ཀྱིས་ འབད་བ་ཅིན་ ཞབས་དྲུང་དག་སྣང་མའི་ མཐོང་གྲོལ་དེ་ ཚོགས་པའི་འཐུས་མི་ཚུ་གིས་ འགོ་འདྲེན་འཐབ་བཞིན་དུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ རེ་སྨོན་བཞིན་དུ་ གྲུབ་ཚུགསཔ་ལས་ ཁ་ཙ་ འཐུས་མི་ཚུ་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་ སྐུ་མདུན་ལུ་ སེམས་རྟོགས་ཁ་གྲྭ་ཚང་ལུ་ རྩིས་སྤྲོད་ཕུལ་ཡི་ཟེར་ཨིན་པས།
ད་ལས་ཕར་ གྲྭ་ཚང་གི་ཁ་ཐུག་ལས་ ཞབས་དྲུང་དག་སྣང་མའི་ མཐོང་གྲོལ་དེ་ ཞབས་དྲུང་སྐུ་མཆོད་དང་ གུ་རུ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་ དེ་ལས་ གཞན་གལ་ཅན་གྱི་ ཉིནམ་ཚུ་ནང་ མི་མང་ལུ་ མཇལ་ཁ་གནང་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment