གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཆུ་བར་ཆུ་གི་ སྒོ་ནོར་གཙོ་བསྟེན་སྨན་ཁང་གནས་སྟངས་སྐྱོ་དྲགས་ལུ་གྱུར་ཡོདཔ།


སྨན་ཁང་བཟོ་སྐྲུན་གྱི་ མ་དངུལ་ཡོད་དེ་འབད་རུང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ བཀའ་རྒྱ་ཡོདཔ་ལས་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ བཟོ་སྐྲུན་གྱི་གནང་བ་བྱིན་ནི་དེ་ བཀག་འཛིན་འབད་ཡོདཔ་ཨིན་པས།
 
༣༠/༦/༢༠༡༢། ༉ ཐིམ་ཕུ་ ཆུ་བར་ཆུ་ ས་སྣུམ་བཀྲམ་སྤེལ་ཁང་གི་སྦོ་ལོགས་ཁར་ ཁང་མིག་ཆུང་ཀུ་ཅིག་འབད་མིའི་ནང་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ལེ་ཤ་ཅིག་ སྒོ་ནོར་སེམས་ཅན་ རོ་ཁྱི་དང་ བྱི་ལི་ཚུ་ སྨན་བཅོས་འབད་བར་འོང་དོ་ཡོདཔ་ད་ ཁང་ཆུང་དེ་ སྤྱི་ལོ་༡༩༦༡ ལུ་ རྒྱལ་ཡོངས་སྒོ་ནོར་གཙོ་བསྟེན་སྨན་ཁང་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སྨན་ཁང་དེ་ ད་ཚུན་གི་རིང་ ཉམས་བཅོས་དང་ རྒྱ་བསྐྱེད་ཚུ་ག་ནི་ཡང་མ་འབད་བར་ ལག་ལེན་འཐབ་སྟེ་ སྡོད་ནི་དེ་གིས་ ལས་བྱེདཔ་ཚུ་ལུ་ དཀའ་ངལ་ཡོད་མི་དེ་ བསལ་མ་ཚུགས་པར་ ལོ་ངོ་ལེ་ཤ་སོང་བའི་ཁར་ ལོ་རེ་བཞིན་དུ་ སེམས་ཅན་སྨན་བཅོས་འབད་མི་ ལེ་ཤ་འོང་དོ་ཡོདཔ་མ་ཚད་ ལོ་རེ་བཞིན་དུ་ མི་ཚུ་གིས་རང་སོའི་སྒོ་ནོར་དཔེར་ན་ གསོ་སྐྱོང་འཐབ་མི་རོ་ཁྱི་ཚུ་ལུ་ བརྩེ་གདུང་དང་ བདག་སྣང་བསྐྱེད་མི་མང་སུ་ཐོན་དོ་ཡོདཔ་ལས་ སྨན་ཁང་དེ་ཡར་དྲག་བཏང་དགོཔ་ད་ མཐུན་རྐྱེན་ཚུ་ཡང་ རྒྱ་བསྐྱེད་འབད་དགོཔ་འདུག་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།


རྒྱལ་ས་ལུ་ཡོད་པའི་ རྒྱལ་ཡོངས་སྒོ་ནོར་གཙོ་བརྟེན་སྨན་ཁང་དེ་ནང་ ཁང་མིག་ཡོངས་བསྡོམས་༨ དེ་ཅིག་ཡོདཔ་ད་ དེ་ཡང་ག་ར་ ཁང་མིག་རྒྱ་ཚད་ཆུང་ཀུ་རེ་ལས་མེད་པར་ ས་སྒོ་དོག་དྲགས་སྦེ་མཐོང་གསལ་བྱུང་མི་དེ་ནང་ བཤགས་བཅོས་ཁང་མིག་དང་ སྨན་བཅོས་ཁང་མིག་ དེ་ལས་ཡིག་ཚང་དང་ མཛོད་ཁང་ཚུ་ཡོདཔ་ཨིན་པས།
ད་རེས་སྐབས་ཅིག་ སྒོ་ནོར་སྨན་ཁང་དེ་ བཟོ་སྐྲུན་འབད་ནིའི་ བཟོ་བཀོད་དང་འབྲེལ་བའི་ ལཱ་ཚུ་འབད་ཚར་སྟེ་ བཟོ་བཀོད་ཟིན་བྲིས་ཚུ་ཡང་ ཐིམ་ཕུ་གྲོང་སྡེ་ལས་འཛིན་ནང་ བཙུགས་ཡོདཔ་ཨིན་རུང་ ཁྲོམ་སྡེ་ལས་འཛིན་གྱིས་ ཡུན་གྱངས་སྦེ་བཞག་སྟེ་ཡོདཔ་ལས་ གལ་སྲིད་ བཟོ་སྐྲུན་གྱི་ལཱ་དེ་ འཆར་གཞི་༡༠ པའི་ནང་ འགོ་བཙུགས་མ་ཚུགས་པ་ཅིན་ འཆར་དངུལ་ཚུ་ ལས་དོན་གཞན་གྱི་དོན་ལུ་ ཁ་འགྱུར་འགྱོ་འོང་ཟེར་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ སྒོ་ནོར་མཐུན་རྐྱེན་གོང་འཕེལ་ལས་འགུལ་གྱི་ ལས་རིམ་མདོ་ཆེན་ སྲིད་ཐར་རྡོ་རྗེ་གིས་སླབ་མིའི་ནང་ རྒྱ་གར་གཞུང་ལས་ འཆར་གཞི་༡༠ པའི་དོན་ལུ་ སྒོ་ནོར་གོང་འཕེལ་མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༤༢༤ དེ་ཅིག་བཞག་ཡོདཔ་ལས་ འཆར་གཞིའི་མ་དངུལ་ གཙོ་ཆེ་ཤོས་ར་ སྒོ་ནོར་ཞབས་ཏོག་གི་དོན་ལུ་མཁོ་བའི་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ནི་ཚུ་གི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ལས་འགུལ་དེ་གི་ཐོག་ལས ཐིམ་ཕུ་རྒྱལ་ཡོངས་སྒོ་ནོར་གཙོ་བསྟེན་སྨན་ཁང་ བཟོ་སྐྲུན་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༨༠ བཞག་ཡོདཔ་ཨིན་རུང་ གྲོང་སྡེ་ལས་འཛིན་ནང་ལས་ གནང་བ་འཐོབ་མ་ཚུགས་པར་ ལུས་ཡོདཔ་ཨིན་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཁོངས་དེ་ནང་ བཟོ་སྐྲུན་གྱི་གནང་བ་མ་བྱིན་མི་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ལས་ བཀག་འཛིན་འབད་དགོ་པའི་ བཀའ་རྒྱ་ལྷོད་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཐིམ་ཕུ་ཆུ་བར་ཆུའི་ས་ཁོངས་དེ་ ཆུའི་མཐའམ་བདའ་སྟེ་ སྤྲོ་འཁྱམས་གླིང་ཁ་བཟོ་ནི་གི་ འཆར་གཞིའི་ནང་ ཚུདཔ་ཨིན་ཟེར་ཨིནམ་ད་ སྨན་ཁང་དེ་ནང་གི་ སྒོ་ནོར་འགོ་དཔོན་ངག་དབང་གིས་སླབ་མའི་ནང་ ཡིག་ཚང་དེ་ གླང་རྒྱུག་ཕར་ཁ་ལུ་ གཞི་བཙུགས་འབད་ནིའི་ དཔའ་བཅམ་ཡོད་རུང་ ལམ་ཐག་རིང་བའི་ཁར་ མི་མང་ལུ་བྱ་སྟབས་མ་བདེ་བའི་གནས་སྟངས་ བྱུང་ནི་ཨིནམ་ལས་ ད་ལྟོའི་ས་ཁོངས་ནང་ར་རྐྱབ་ནི་སྦེ་ ས་ཆ་ཌེ་སི་མལ་༨༠ ཡོད་མི་དེ་ཡང་ སྨན་ཁང་གི་མིང་ཐོག་ཁར་ ཁྲམ་རྐྱབ་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨན་ཁང་གི་ས་ཁོངས་ནང་ ས་ཆ་ཨེ་ཀར་༢ ལྷགཔ་ཅིག་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ས་ཆ་ཐདམ་ཐད་ཁ་ལས་བཏོག་ནི་དེ་གིས་ ས་ཆ་ཌེ་སི་མལ་༨༠ མ་གཏོགས་ སྨན་ཁང་གི་མིང་ཐོག་ཁར་ མ་ཐོབ་ཟེར་ཨིནམ་ད་ ཧེ་མ་ གཞུང་ལམ་བཟོ་སྐྲུན་མ་འབད་བའི་སྐབས་ ད་ལྟོ་གཞུང་ལམ་གྱི་ལྟག་ལུ་ སི་ཊི་མཱལ་ སྒྲིང་ཁྱིམ་རྐྱབ་མིའི་ས་ཁོངས་ཚུན་  སྒོ་ནོར་སྨན་ཁང་གི་གྲངས་སུ་ ཚུད་ཡོདཔ་ཨིན་ཟེར་ བཤདཔ་ཨིན་པས།
སྒོ་ནོར་སྨན་ཁང་དེ་ནང་ ཉིན་བསྟར་བཞིན་དུ་ སྒོ་ནོར་སྨན་བཅོས་འབད་བར་ མི་གྲངས་༡༠ ལྷགཔ་རེ་འོང་དོ་ཡོད་པའི་ཁར་ དེ་ཡང་ མང་ཆེ་ཤོས་ར་ ཁྱིམ་ནང་བཞག་མི་ རོ་ཁྱི་ཚུ་ཡོདཔ་ཨིན་རུང་ བྱི་ལི་དང་ བྱའི་རིགས་ བ་ནོར་ཚུ་ཡང་ སྨན་བཅོས་འབད་དགོཔ་ཐོན་དོ་ཡོདཔ་ལས་ རྒྱལ་ས་ལྟེ་བ་ལུ་ གཞན་གོང་འཕེལ་སོང་རུང་ སྒོ་ནོར་སྨན་ཁང་གི་གནས་སྟངས་དེ་ ཐབས་སྐྱོ་དྲག་ཅིག་ལུ་གྱུར་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment