གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་མཇུག་བསྡུ་ཡོདཔ།

ཧེ་མ་འབད་བ་ཅིན་ ཁྲིམས་ཀྱི་གཞི་རྟེན་ཅིག་ མེད་པ་ལུ་བརྟེན་ ནང་འགྲིག་འབད་ནི་དེ་ ལཱ་ཁག་ཡོད་རུང་ ད་ལས་ཕར་ སྦྱོང་བརྡར་ལུ་བརྟེན་ མི་སྡེའི་ནང་ ཕྱག་ཞུ་ཚུགས་ནི་མས་ཟེར་ཨིན་པས།
མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ལག་ཁྱེར་བྱིན་པའི་བསྒང་།
 
༣༠/༦/༢༠༡༢། ༉ སྐྱེས་ལོ་༣༢ ལང་མི་ ནམ་མཁའ་རྡོ་རྗེ་དེ་ ན་ཧིང་ པདྨ་དགའ་ཚལ་ ལྕོང་ཤིང་རྒེད་འོག་གི་ ས་གནས་གཞུང་བཙག་འཐུ་འབད་བའི་སྐབས་ལུ་ དམངས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ མི་སྡེ་ནང་ ཕྱག་ཞུ་ནི་ལུ་ གདོང་ལེན་སྦོམ་ཡོད་མི་དེ་ཡང་ རྒེད་འོག་ནང་ སྟབས་མ་བདེཝ་ཆུང་ཀུ་རེ་ ཐོན་པའི་སྐབས་ དྲང་ཁྲིམས་ཀྱི་ གཞི་རྟེན་མེདཔ་ལས་བརྟེན་ འཆམ་ཁ་བཟོ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

ཨིན་རུང་ ད་ལས་ཕར་ ཁོ་རའི་རྒེད་འོག་ནང་ དམངས་མི་སྦེ་ ཕྱག་ཞུ་བའི་སྐབས་ལུ་ མི་སྡེ་ནང་ སྟབས་མ་བདེཝ་ ཕྱམ་ཕྱིམ་རེ་ཐོན་པའི་སྐབས་ བར་ན་འཆམ་ཁ་བཟོ་སྟེ་ མཐུན་འགྲིག་འབད་ཚུགས་པའི་ རེ་བ་བསྐྱེད་མི་དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༥ ལས་ འགོ་བཟུང་སྟེ་ བདུན་ཕྲག་༢ ཀྱི་རིང་ མོང་སྒར་ལུ་སྦེ་ ཤར་ཕྱོགས་རྫོང་ཁག་༦ གི་ དམངས་མི་ཡོངས་བསྡོམས་༧༥ ལུ་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ བཅའ་མར་གཏོགས་ཚུགས་ནི་དེ་གིས་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ རྒེད་འོག་ནང་ སྟབས་མ་བདེཝ་ ཕྱམ་ཕྱིམ་རེ་འཐོན་རུང་ ཁོང་ལུ་ ཁྲིམས་ཀྱི་གཞི་རྟེན་ཅིག་ མེད་པ་ལུ་བརྟེན་ ནང་འགྲིག་འབད་ནི་ལུ་ སྟབས་མ་བདེཝ་སྦོམ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ནང་འགྲིག་འབད་རུང་ རྩ་ཕན་༢ ཀྱི་ བློ་འདོད་དང་འཁྲིལ་ཏེ་ འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གི་རྒེད་འོག་བཟུམ་ཅིག་ནང་འབད་བ་ཅིན་ སྟབས་མ་བདེཝ་དེ་ གཙོ་བོ་ར་ ཕོ་མོའི་བར་ན་ མ་འགྲིགཔ་དང་ ནོར་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་མི་ལུ་བརྟེན་ མ་འགྲིགཔ་ཐོན་མི་དང་ ལམ་དང་ས་མཚམས་ དེ་ལས་ ཆུའི་སྐོར་ལས་ སྟབས་མ་བདེཝ་ཚུ་ ཐོན་དོ་ཡོདཔ་ལས་ དེ་བསྒང་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ ཁྲིམས་ཀྱི་གཞི་རྟེན་ཅིག་མེད་པ་ཅིན་ སྟབས་མ་བདེཝ་ཆུང་ཀུ་ཅིག་ཡང་ བསལ་ནི་ཡང་ བྱ་སྟབས་མ་བདེཝ་སྦོམ་འདུག་ཟེར་ཨིན་རུང་ ཁོ་གིས་ ད་ལས་ཕར་ དེ་བཟུམ་གྱི་ སྟབས་མ་བདེཝ་དུམ་གྲ་རེ་ ཐོན་པའི་སྐབས་ལུ་ ནང་འགྲིག་འབད་ཚུགས་ནི་ཨིནམ་ལས་ སྦྱོང་བརྡར་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཆ་གླིང་རྒེད་འོག་གི་དམངས་མི་ ཚེ་དབང་དཔལ་མོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ བཙག་འཐུ་གྲུབ་ཞིནམ་ལས་ཚུར་ མོ་གིས་ རྩ་བོ་༢ དེ་ཅིག་ལུ་ ནང་འགྲིགས་འབད་ཡོདཔ་མ་ཚད་ ད་རུང་༢ དེ་ཅིག་ རྫོང་ཁག་ཁྲིམས་འདུན་ལུ་བཏང་ཡོདཔ་ད་ དེ་ཡང་ གཉེན་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ཨིནམ་ད་ ད་ལས་ཕར་འབད་བ་ཅིན་ རྒེད་འོག་ནང་ སྟབས་མ་བདེཝ་ཐོན་པའི་སྐབས་ལུ་ རྩ་ཕན་གྱི་བློ་འདོད་དང་འཁྲིལ་ དང་པ་ར་ ནང་ཁ་ནང་འགྲིག་འབད་ནི་ལུ་ སྦྱོང་བརྡར་དེ་གིས་ ཡོན་ཏན་སྦོམ་ཐོབ་ཅི་ཟེར་ཨིན་པས།
དུས་ཚོད་དང་འཁྲིལ་ སྟབས་མ་བདེཝ་མང་སུ་འཐོན་སྲིད་ནི་ཨིནམ་ལས་ དེ་བསྒང་ སྟབས་མ་བདེཝ་ཆུང་ཀུ་ཅིག་ཐོན་རུང་ དེ་འཕྲལ་ལས་ རྫོང་ཁག་ཁྲིམས་འདུན་ལུ་མ་བཏང་པར་ རྒེད་འོག་ནང་ ནང་ཁ་ནང་འགྲིག་འབད་ཐོག་ལས་ མི་སྡེ་ནང་ ཞི་བདེ་འབྱུང་ཐབས་ལུ་ ད་ལས་ཕར་ ལཱ་རྩ་འགེངས་འབད་ནི་ཟེར་ བཀྲིས་སྒང་ ཡ་ལང་རྒེད་འོག་གི་དམངས་མི་ དཀར་མདོག་གིས་ སླབ་ཨིན་པས།
བདུན་ཕྲག་༢ ཀྱི་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་ལས་རིམ་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ད་ མཇུག་བསྡུའི་ལས་རིམ་སྐབས་ སྐུ་མགྲོན་གཙོ་བོ་སྦེ་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ཁྲི་འཛིན་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གི་ སྐུ་ཚབ་སྦེ་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ བཅའ་མར་གཏོགས་མི་ཚུ་ལུ་ ལག་ཁྱེར་བྱིན་ཡི།
དེ་བསྒང་ རྫོང་ཁག་གིས་ བཅའ་མར་གཏོགས་མི་ཚུ་ལུ་ བཤད་མིའི་ནང་ སྦྱོང་བརྡར་དེ་ལུ་བརྟེན་ མི་སྡེའི་ནང་ དྲང་ཁྲིམས་དེ་མགྱོགས་དྲགས་དང་ འཐོབ་ཚུགས་ཟེར་ཨིནམ་ཚད་ འགོ་ཁྲིདཔ་ཚུ་གིས་འབད་རུང་ མི་སྡེ་ནང་ འགོ་ཁྲིད་པའི་ ལཱ་འགན་འབག་པའི་སྐབས་ རང་རྐྱང་གི་ མནོ་བསམ་མ་བཏང་པར་ རྒྱལ་ཁབ་ལུ་ཕན་པའི་ མནོ་བསམ་བཏང་སྟེ་ ཕྱག་ཞུ་དགོ་ཟེར་ཨིན་པས།
བདུན་ཕྲག་༢ ཀྱི་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་ལས་རིམ་ནང་ ཤར་ཕྱོགས་རྫོང་ཁག་༦ གི་དམངས་མི་༧༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment