གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ལམ་བརྒྱ་ཆ་༥ རྐྱངམ་གཅིག་ ལག་ལེན་འཐབ་མ་བཏུབ་པའི་ངོས་འཛིན།

༡༧/༧/༢༠༡༢   ༉ ཞིང་ལམ་ཚུ་གི་ རྒྱལ་ཡོངས་ཐོ་གཞུང་དང་འཁྲིལཝ་ད་ ན་ཧིང་སྤྱི་ཟླ་༦ པ་ཚུན་ཚོད་ འབྲུག་རྒྱལ་ཁབ་ནང་ སོ་ནམ་ཞིང་ལམ་ཡོངས་བསྡོམས་༦༦༨ ཡོད་མི་ལས་ བརྒྱ་ཆ་༥ རྐྱངམ་གཅིག་ ལམ་འགྲུལ་འབད་མ་བཏུབ་སྦེ་ ངོས་འཛིན་བྱུངམ་ལས་ སྤྱིར་བཏང་གི་ ཚོར་སྣང་ལུ་ ཞིང་ལམ་མང་ཤོས་ཅིག་ གནས་སྟངས་སྐྱོ་དྲགས་ཡོད་པའི་ མཐོང་གསལ་བྱུང་མི་དང་ རྒྱབ་འགལ་ཅིག་ཨིན་པས།


དེ་ཡང་ རྫོང་ཁག་༡༦ ནང་ ཞིང་ལམ་ཡོངས་བསྡོམས་ ཀི་ལོ་མི་ཊར་༣,༦༦༥ ཡོད་མིའི་གྲས་ལས་ ཀི་ལོ་མི་ཊར་༢༤༢ རྐྱངམ་གཅིག་ལུ་ ཆུ་གཡུར་ཚུ་ སེལ་སེལཝ་མེདཔ་མ་ཚད་ ཞིང་ལམ་ལ་ལུ་ཅིག་ནང་ ཟམ་མེད་པའི་ཁར་ ས་རུད་ཆད་ནི་དེ་གིས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མ་བཏུབ་ཐལ་མི་ལུ་བརྟེན་ ལམ་དེ་ཚུ་ གནས་སྟངས་སྐྱོ་དྲགས་ཀྱི་གྲངས་སུ་ ཚུད་ཡོདཔ་ཨིན་པས།
དེ་འབདཝ་ད་ རྒྱལ་ཁབ་ནང་ ཀི་ལོ་མི་ཊར་༣,༦༦༥ འབད་མི་ སོ་ནམ་ཞིང་ལམ་ཚུ་གིས་ མི་སེར་༤༢,༨༥༣ ལུ་ ཕན་ཐོགས་བྱུང་ཡོད་པའི་ ངོས་འཛིན་བྱུང་ནུག།
སོ་ནམ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་  འཁོར་ལམ་གཞན་དང་ཕྱདཔ་ད་ སོ་ནམ་ཞིང་ལམ་བསལ་ནིའི་ནང་ ཟད་འགྲོ་བཏང་མི་དེ་ ཉུང་རང་ཉུངམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ ཞིང་ལམ་རྒྱུན་སྐྱོང་འབད་ནིའི་དོན་ལུ་ མ་དངུལ་ལོགས་སུ་སྦེ་ ཐོབ་ཐོབ་མེདཔ་ལས་ མི་སྡེ་གིས་ རྒྱུན་སྐྱོང་འབད་དོ་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ རིང་ཚད་ཀི་ལོ་མི་ཊར་༣༥༠.༡༢ འབད་མི་ སོ་ནམ་ཞིང་ལམ་༨༦ སྤུས་ཚད་དང་ གནས་སྟངས་ལེགས་ཤོམ་མེདཔ་སྦེ་ཨིནམ་ད་ སྤུས་ཚད་སྐྱོ་དྲགས་ནང་ཚུད་མི་ སོ་ནམ་ཞིང་ལམ་༣༦ ཡོད་མི་ལས་༩ གི་དོན་ལུ་ ཟམ་བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཞིང་ལམ་༦ ནང་ ཞིང་རྨོ་འཕྲུལ་ཆས་ ཊེག་ཊར་དང་ པ་ཝར་ཊི་ལར་ཚུ་ བཏང་བཏུབ་དོ་ཡོདཔ་ཨིན་རུང་ ཞིང་ལམ་༡༠ ས་རུད་ཆད་དེ་ བསལ་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་པས།
སྤུ་ན་ཁ་རྫོང་ཁག་ དགོན་ཤ་རི་ལུ་ པ་ཝར་ཊི་ལར་བཏང་བཏུབ་མི་ ཞིང་ལམ་དེ་ རྒྱུན་སྐྱོང་མ་འཐབ་པར་ དེ་སྦེ་ར་ སྣང་མེད་སྦེ་ བཞག་མི་ལུ་བརྟེན་ ད་རེས་འབད་བའི་བསྒང་ལས་ ཤིང་ཚུ་སྐྱེས་ཏེ་ཡོདཔ་ཨིན་པས།
མ་དངུལ་ དངུལ་ཀྲམ་ས་ཡ་༣ གྱི་ཐོག་ལས་ ཀི་ལོ་མི་ཊར་༥ འབད་མི་ མགུ་མང་རྒེད་འོག་གི་ ལ་ཁུ་ཞིང་ལམ་བསལ་བའི་བསྒང་ཡོད་མི་དེ་ འཕྲལ་ཁམས་ཅིག་ཁར་ མཚམས་འཇོག་འབད་དགོཔ་ བྱུང་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལ་ཁུ་ཞིང་ལམ་ ཀི་ལོ་མི་ཊར་༣.༥ བསལ་ཚར་བའི་ཤུལ་ལུ་ ཁྱིམ་གུང་༡ གིས་ ཞིང་ལམ་གྱི་དོན་ལས་ ས་ཆ་བྱིན་མ་བཏུབ་མི་ལུ་བརྟེན་ ལཱ་བཀག་ཆ་འབད་དེ་ བཞག་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ ལམ་སེལ་གྱི་ ལཱ་འགོ་མ་བཙུགས་པའི་ཧེ་མར་ མི་སེར་ག་གི་ ཞིང་ནང་ལས་ ལམ་གྱི་དཔག་ཚད་ཕོག་རུང་ ཉོགས་བཤད་མ་བཀོད་པར་ བྱིན་ནི་སྦེ་ ཡི་གུ་ཚུ་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
སོ་ནམ་ཞིང་པ་ཅིག་གིས་འབད་བ་ཅིན་ ལ་ཁུ་ཞིང་ལམ་བཟོ་སྐྲུན་འབད་ནིའི་དོན་ལུ་ ཁོ་གི་ཨ་རིང་༦ མེདཔ་བཏང་ཡོད་རུང་ མི་སེར་གཞན་ཅིག་གི་ ས་ཞིང་ནང་ ལམ་ཕོགཔ་ད་ ཉོགས་བཤད་བཀོད་པའི་བསྒང་ལས་ ལམ་སེལ་གྱི་ ལཱ་དེམ་ཅིག་སྦེ་ མཇུག་བསྡུ་བཞགཔ་མས་ཟེར་ཨིན་པས།
མགུ་མང་རྒཔོ་ རྣམ་རྒྱལ་ཚེ་རིང་གིས་འབད་བ་ཅིན་ ཞིང་ལམ་བཟོ་སྐྲུན་འབད་ནི་དེ་ མཚམས་འཇོག་འབད་དགོ་མི་དེ་ཡང་ མཚམས་འཇོག་འབད་སའི་ས་ཁོངས་ནང་ ཨ་མཱན་སྐོར་ར་ཟ་ཁང་གི་ འཐུང་ཆུའི་རྐ་ཡོདཔ་ལས་ ལམ་དེ་གིས་ ཆུ་རྐ་ལུ་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་ཡོདཔ་མ་ཚད་ གཉིས་པ་འབདཝ་ད་ མ་དངུལ་གྱིས་ ལང་མ་ཚུགས་ནི་དེ་གིས་ཨིན་ཟེར་ཨིན་པས།
རྒཔོ་རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ སང་ཕོད་འཆར་གཞི་༡༡ པའི་ནང་ ཞིང་ལམ་འཕྲོ་མཐུད་དེ་ བསལ་ནི་ཨིན་རུང་ ལ་ཁུ་སློབ་གྲྭ་ཆུང་བ་ཚུན་ བཏོན་ནི་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སྤྱི་ཚོགས་ཀྱིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ལོ་ལྔའི་འཆར་གཞི་༡༠ པ་འགོ་བཙུགས་པའི་སྐབས་ རྒེད་འོག་༤༩ ནང་ སྣུམ་འཁོར་ལམ་མཐུད་སྦྲེལ་འབད་ནི་གི་ འཆར་གཞི་ཡོད་མི་ལས་ ད་ཚུན་གྱི་བར་ན་ རྒེད་འོག་༢༢ ནང་ འཁོར་ལམ་མཐུད་སྦྲེལ་འབད་ཚར་ཏེ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ སྙན་ཞུ་འབད་མིའི་ནང་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ཚོད་ རྒེད་འོག་༩ ནང་ ལམ་བཏོན་ནི་དེ་མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་མ་ཚད་ རྒེད་འོག་༡༤ ནང་ ལཱ་བརྒྱ་ཆ་༣༠ དེ་ཅིག་ འབད་ཚར་ཡི་ཟེར་ཨིན་པས།
རྒྱར་ཁབ་ནང་འཁོད་ཀྱི་ རྒེད་འོག་ལྟེ་བ་ཚུ་ནང་ ལམ་ཀི་ལོ་མི་ཊར་༡,༡༣༨ བསལ་ནི་གི་ དམིགས་གཏད་བསྐྱེད་མི་ལས་ ད་རིས་འབདཝ་ད་ ལམ་ཀི་ལོ་མི་ཊར་༧༧༦ བསལ་ཚར་ཏེ་ཡོད་ཟེར་ བློན་ཆེན་གྱིས་ སྙན་ཞུ་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment