གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིག་ཆ་རྫུས་བཟོའི་མཐོ་གཏུགས་ ཕྱིར་འབུད་བཏང་ཡོདཔ།

༡༩/༧/༢༠༡༢   གཞུང་དངུལ་༢༣༠,༥༠༠ སྒེར་སྤྱོད་འབད་མི་དེ་ ཟླཝ་༡ གི་ནང་འཁོད་ལུ་ གཞུང་ལུ་ སོར་ཆུད་འབད་དགོཔ།

༉ ཡིག་ཆ་རྫུས་བཟོ་དང་ གཞུང་དངུལ་སྒེར་སྤྱོད་འབད་བའི་ རྩོད་དོན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་འབད་དེ་ དུས་ཡུན་ལོ་ངོ་ཕྱེད་དང་གཉིས་ལྷགཔ་ཅིག་ སོང་བའི་ཤུལ་ལུ་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་ཀྱི་ བཤེར་ཡིག་ཕྱིར་འབུད་བཏང་སྟེ་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ རང་འཇགས་བསྟར་སྤྱོད་འབད་དགོ་པའི་ གྲོས་ཆོད་གནང་ནུག།


དེ་ཡང་ བསམ་རྩེའི་ས་འཇལ་པ་ སྐྱེས་ལོ་༥༤ ལང་མི་ བག་ཏ་བྷ་དུར་མོང་སྒར་གྱིས་ གཞུང་ལས་ ལས་མིའི་གླ་ཆ་སྦེ་གནང་མི་ དངུལ་ཀྲམ་༢༣༠,༥༠༠ ཚུལ་མིན་གྱི་སྒོ་ལས་ སྒེར་སྤྱོད་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ཚེས་༣ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ བཙོན་འཐུས་སྤྲོད་ཆོག་པའི་ བཙོན་ཁྲིམས་ཟླ་ངོ་༡༠ བཀལ་ཡོདཔ་མ་ཚད་ གཞུང་དངུལ་སྒེར་སྤྱོད་འབད་མི་དེ་ཡང་ གཞུང་གི་རྩིས་ཁྲ་ནང་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
དེ་འབདཝ་ད་ ཐོག་མའི་ཁྲིམས་འདུན་གྱིས་ རྩོད་ཟླ་བག་ཏ་བྷ་དུར་མོང་སྒར་ལུ་ གཞུང་དངུལ་ལོག་སྤྱོད་འབད་བའི་ ཉེས་ཁྲིམས་བཀལ་ཡོད་རུང་ ཡིག་ཆ་རྫུས་བཟོའི་ ཉེས་ཁྲིམས་ལོགས་སུ་ མ་བཀལ་བས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ཚེས་༢༧ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནུག།
གཞུང་གི་ཁ་ཐུག་ལས་ ཉེས་བཤེར་འབད་མི་གིས་ མཐོ་གཏུགས་འབད་དགོ་མི་དེ་ཡང་ རྩོད་ཟླ་གིས་ ཁྲིམས་འགལ་ཐོག་ ཁོ་རའི་ ཁེ་ཕན་གྱི་དོན་ལུ་ ཡིག་ཆ་རྫུས་བཟོ་ཐོག་ གཞུང་དངུལ་སྒེར་སྤྱོད་འབད་ཡོད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་དེ་ ཉེས་ལས་ངོ་མ་ ལྐོག་ཟ་འབད་བའི་ ཉེས་འཛུགས་ནང་འགབ་སྟེ་ ཉེས་ཁྲིམས་ཡང་ སྟབས་གཅིག་སྦེ་ ཟླ་ངོ་༡༠ རྐྱངམ་གཅིག་ བཀལ་ནི་དེ་གིས་ཨིན་ཟེར་ཨིན་པས།
མཐོ་གཏུགས་པ་གིས་འབད་བ་ཅིན་ ཡིག་ཆ་རྫུས་བཟོའི་ ཉེས་ཁྲིམས་ལོགས་སུ་ ཕོག་དགོ་པའི་སྐོར་ ཐོག་མའི་ཁྲིམས་འདུན་ལུ་ བདེན་ཁུངས་སྐྱེལ་རུང་ ངོས་ལེན་མཛད་མ་བཏུབ་ཟེར་ཨིན་པས།
དར་དཀར་ནང་རྫོང་ཁག་ ཌང་ར་གའུ་གཡུས་ཚན་ལས་ཨིན་མི་ བག་ཏ་བྷ་དུར་མོང་སྒར་དེ་ སྤྱི་ལོ་༢༠༠༤ དང་༢༠༠༦ ལུ་ བསམ་རྩེ་རྫོང་ཁག་ནང་ ས་ཁྲམ་འགོ་དཔོན་ དར་མགོ་ཚེ་རིང་གི་འོག་ལུ་ ས་འཇལ་པ་སྦེ་སྡོདཔ་ད་ ཁོ་གི་ འགན་ཁུར་ངོ་མ་ར་ གཞིས་གསར་གྱི་ ས་ཆ་ཚུ་ འཇལ་ནི་དེ་ཨིན་པས།
དེ་འབདཝ་ད་ རྫོང་ཁག་ནང་ གཞིས་གསརཔ་ཆགས་མི་ཚུ་གི་ ས་ཆ་འཇལ་ནིའི་དོན་ལུ་ རྩེ་རི་བརྫམས་དགོཔ་བྱུངམ་ལས་ བག་ཏ་བྷ་དུར་མོང་སྒར་གྱིས་ ལས་མི་ཚུ་གི་ མིང་ཐེབས་བཙུགས་ཏེ་ ལས་མིའི་མ་དེབ་རྫུས་མ་བཟོ་ཐོག་ལས་ གཞུང་ལས་ མ་དངུལ་ལེན་ཏེ་ ལོག་སྤྱོད་འབད་ཡོདཔ་ད་ ཁོ་གིས་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་ནིའི་དོན་ལུ་ མ་དེབ་༡༡ བཟོ་སྟེ་ གཞུང་ལས་ མ་དངུལ་བསྡོམས་ དངུལ་ཀྲམ་༥༠༠,༢༠༠ ཐོབ་བརྗོད་བཀོད་ཡོདཔ་ཨིན་རུང་ ཁོ་གི་འགོ་འཛིན་ ས་ཁྲམ་འགོ་དཔོན་ དར་མགོ་ཚེ་རིང་གིས་ དངུལ་ཀྲམ་༢༠༡,༨༠༠ བཞག་སྟེ་ ཁོ་ལུ་ དངུལ་ཀྲམ་༢༩༨,༤༠༠ སྤྲོད་ཡོད་མི་ལས་ ཁོ་གིས་ དངུལ་ཀྲམ་༦༧,༩༠༠ རྐྱངམ་གཅིག་ ལཱ་ངོ་མ་འབད་མི་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་དེ་ ལྷག་ལུས་དངུལ་ཀྲམ་༢༣༠,༥༠༠ སྒེར་སྤྱོད་འབད་ཡོདཔ་ཨིན་པས།
དེ་ཡང་ བི་བི་མོང་སྒར་གྱིས་ ལཱ་འབད་འབདཝ་མེད་པའི་ ལས་མིའི་མ་དེབ་༨ རྫུས་མ་བཟོ་སྟེ་ ལས་མིའི་མིང་ཚུ་ཡང་ རྫུས་མ་བཀོད་དེ་ དངུལ་ཀྲམ་༢༣༠,༥༠༠ སྒེར་སྤྱོད་འབད་བ་ལུ་བརྟེན་ མ་དེབ་ཀྱི་ དངུལ་འབོར་མང་ཉུང་དང་འཁྲིལ་ ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ཟླ་ངོ་༣ ལས་༡༠ ཚུན་འབདཝ་ད་ བསྡོམས་ཀྱིས་ཟླཝ་༤༨ ཕོག་ཡོད་རུང་ ཉེས་ཁྲིམས་སྟབས་གཅིག་སྨིན་ཏེ་ ཟླཝ་༡༠ བཀལ་ནུག།
རྩོད་ཟླ་བི་བི་མོང་སྒར་གྱིས་ ཡིག་ཆ་རྫུས་བཟོ་ཐོག་ གཞུང་དངུལ་ལོག་སྤྱོད་འབད་མི་དེ་ཡང་ གཙོ་བོ་ར་ ས་ཁྲམ་འགོ་དཔོན་དར་མགོ་ཚེ་རིང་གིས་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་བ་ལུ་བརྟེན་ཨིནམ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
ཐོག་མའི་ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ ཉེས་ཁྲིམས་ཟླཝ་༡༠ བཀལ་མི་དེ་ ཁྲིམས་འཐུས་དངུལ་ཀྲམ་༣༠,༠༠༠ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ གཞུང་རྩིས་ནང་ ཕུལ་དགོཔ་མ་ཚད་ གཞུང་དངུལ་སྒེར་སྤྱོད་འབད་མི་དེ་ཡང་ ཞག་དུས་ཟླ་ངོ་༡ གི་ནང་འཁོད་ སོར་ཆུད་འབད་དགོཔ་སྦེ་ ཆེ་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment