༉ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་ནང་ ཁག་འབགཔ་གིས་ ལོ་ངོ་གཅིག་གི་རིང་ལུ་ ལས་མིའི་གླ་ཆ་ མ་སྤྲོད་པར་བཞག་མི་ལུ་བརྟེན་ གྲོང་གསེབ་གློག་མེ་བཙུག་ནིའི་ ལཱ་ཚུ་ ཕྱིར་འགྱངས་སྦེ་ ལུས་ཡོདཔ་ཨིན་པས།
རྒེད་འོག་ལྟེ་བ་ལས་ ཆུ་ཚོད་༧ རྐང་ཐང་སྦེ་འགྱོ་དགོ་པའི་ གཡུས་ཚན་༡༤ འི་ནང་ ཁྱིམ་གུང་༣༠༢ ལུ་ གློག་མེ་བཙུག་ནིའི་ལཱ་དེ་ སྤྱི་ལོ་༢༠༡༠ ཟླ་༢ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཡུན་ཟླཝ་༡༠ ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་པས།
སྤྱི་ལོ་༢༠༡༠ ཟླ་༡༠ པའི་ནང་ ལཱ་མཇུག་བསྡུ་དགོཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལཱ་འབད་བའི་བསྒང་ཡོདཔ་ལས་ ལཱ་དེ་ ཟླཝ་༡༤ གིས་ ཕྱིར་འགྱངས་འབད་ལུས་ནི་ཨིན་པས།
ཁག་འབགཔ་གིས་ གླ་ཆ་ཚུ་དུས་ཚོད་ཁར་ སྤྲོད་ནི་མེད་མི་ལུ་བརྟེན་ གླ་ཆ་འཐོབ་མི་ཚུགས་ནི་ཨིན་པའི་ དོགས་སྣང་གིས་ གཡུས་མི་དང་ ས་གནས་ནང་ལཱ་འབད་མི་ཚུ་གིས་ ལཱ་འབད་བར་འོང་མ་བཏུབ་ཨིན་པས།
གློག་མེའི་ཀཝ་ལྷོང་ནིའི་ལཱ་ཚུ་ གཡུས་ཚན་༡༢ ཀྱི་མི་སེར་དང་ འཕྲུལ་ལསཔ་༧ ལས་རོགསཔ་༥ གིས་ འབད་ཡོད་པའི་ཁར་ གཡུས་མི་ཚུ་ལུ་ ཉིན་གླ་དངུལ་ཀྲམ་༢༠༠ རེ་གི་རྩིས་ སྤྲོད་དགོཔ་ཡོདཔ་ཨིན་པས།
གཡུས་མི་དང་ རྒེད་འོག་འགོ་དཔོན་ཚུ་གིས་ ཉོགས་བཤད་གྲངས་མང་བཀོད་མི་དང་ ལྟ་རྟོག་འབད་དགོ་པའི་སྐོར་ལས་ སྙན་ཞུ་འབད་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཁག་འབགཔ་དང་གཅིག་ཁར་ གྲོས་བསྡུར་ཚུ་ འབད་ཡོདཔ་ཨིན་པས།
གྲོང་གསེབ་གློག་མེ་སྡེ་ཚན་གྱི་ འཛིན་སྐྱོང་པ་འོགམ་ དར་མགོ་ཚེ་རིང་གིས་བཤད་མིའི་ནང་ འབྲུག་གློག་མེ་ལས་འཛིན་གྱིས་ གླ་ཆ་སྤྲོད་ནིའི་ནང་ འབྲེལ་གཏོགས་འབད་ཐོག་ལས་ ལྟ་རྟོག་འབད་བ་ཅིན་རྐྱངམ་གཅིག་ གཡུས་མི་དང་ ལས་རོགསཔ་ཚུ་གིས་ ལཱ་འཕྲོ་མཐུད་དེ་ འབད་ནི་ཨིན་པས་ཟེར་ཨིན་པས།
ཟླ་ངོ་༡༠ གྱི་རིང་ལུ་ གློག་མེ་བཙུག་ནིའི་ལཱ་ཚུ་ ག་ནི་ཡང་མ་འབད་བར་ལུས་སོ་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ འདས་པའི་ཟླཝ་༢ ཀྱི་ནང་འཁོད་ལུ་ འགོ་དཔོན་ཚུ་གིས་ ལས་མིའི་གླ་ཆ་ཚུ་ ལྟ་རྟོག་འབད་ཐོག་ལས་ སྤྲོད་ཡོདཔ་ད་ ཧེ་མ་ལཱ་འབད་དེ་ གླ་ཆ་མ་སྤྲོད་པར་བཞག་མི་ ཧ་ལམ་དངུལ་ཀྲམ་༡༠,༠༠༠,༠༠༠ དེ་ཅིག་གི་རྩིས་འདུག་ཟེར་ ཨིན་པས།
འགོ་དཔོན་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ ལས་མིའི་གླ་ཆ་ སྤྲོད་ནིའི་དོན་ལུ་ མ་དངུལ་འཛིན་གྲོལ་འབད་མི་ཚུ་ ཁག་འབགཔ་དེ་གིས་ གཞན་ཁར་ལཱ་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱིས་ ལྟ་རྟོག་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ལས་མིའི་གླ་ཆ་མ་སྤྲོད་པར་ལུས་མི་ བརྒྱ་ཆ་༥༠ དེ་ཅིག་ལུ་ གླ་ཆ་ཚུ་སྤྲོད་པའི་ཁར་ ལོག་སྟེ་ ལཱ་འབད་ནི་ཡང་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁག་འབགཔ་དེ་གིས་ ས་གནས་གཞན་ཁར་ འདི་བཟུམ་གྱི་ལཱ་ཁག་གཉིས་ འབད་དོ་ཡོདཔ་ཨིན་རུང་ ལཱ་ཁག་ཅིག་ མཇུག་བསྡུ་བའི་ཁར་ ཁག་ཅིག་ ད་ལྟོ་འབད་བའི་བསྒང་ཨིན་མས་ཟེར་ འགོ་དཔོན་ཅིག་གིས་བཤདཔ་ཨིན་པས།
ཁག་འབགཔ་ཚེ་དབང་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གླ་ཆ་ཚུ་དུས་ཚོད་ཁར་སྤྲོད་མ་ཚུགས་མི་དེ་ མ་དངུལ་མང་ཤོས་ཅིག་ ཅ་ཆས་ཉོ་འདྲེན་འབད་ནིའི་ནང་ ལག་ལེན་འཐབ་དགོཔ་བྱུང་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཧེ་མ་ རིན་བསྡུར་གྱི་ གོང་ཚད་བཀོད་པའི་སྐབས་ལུ་ གློག་མེ་ཀཝ་རྐྱང་པ་ཚུ་དགོས་མཁོ་ཡོདཔ་སྦེ་ཨིན་རུང་ ཤུལ་ལས་ རྒྱུད་ཐག་གསུམ་འབད་མི་ བཙུགས་དགོཔ་སྦེ་སླབ་ལས་ ལོག་རིན་བསྡུར་འབད་ཡོདཔ་བཞིན་དུ་ མ་དངུལ་མང་ཤོས་ར་ ཀཝ་ཐེབས་ཉོ་ནིའི་ནང་ བཏང་དགོཔ་ཐོན་པའི་ཁར་ ཟད་འགྲོ་ཡང་ སྔོན་རྩིས་ལས་ ལོག་བལྟབ་སྦེ་གནས་ཅི་ཟེར་ཨིན་པས།
ཟླ་ངོ་༧ གྱི་རིང་ལུ་ ལཱ་ཕྱིར་འགྱངས་སྦེ་ ལུས་པའི་ཁར་ ལཱ་ཚུ་ལེགས་ལྡན་ མ་བྱུང་མིའི་གནད་དོན་ལུ་བརྟེན་ འབྲུག་གློག་མེ་ལས་འཛིན་གྱིས་ ཟླཝ་༣ གྱི་ འཆར་དངུལ་ཚུ་ཡང་ བཀག་ཆ་འབད་བཞག་ཅི་ཟེར་ ཁོ་གིས་བཤདཔ་ཨིན་པས།
གློག་མེ་འཐོབ་མ་ཚུགས་པར་ལུས་མི་ ཁྱིམ་གུང་༥༠ འི་མི་སེར་ཚུ་གིས་ ལཱ་འབད་ནིའི་དུས་ཡུན་ ཟླཝ་༣ ལས་བརྒལ་མེདཔ་ལས་ དེ་གི་ནང་འཁོད་ལུ་ གློག་མེ་འཐོབ་ཚུགས་པའི་རེ་བ་ བསྐྱེད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཀུན་གསལ་ལས་བྱེདཔ།
No comments:
Post a Comment