གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབགཔ་ཅིག་གིས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་མཐོ་གཏུགས།

༢/༥/༢༠༡༢

བསམ་གྲུབ་ལྗོངས་མཁར་ རྫོང་ཁག་ཁྲིམས་འདུན་གྱིས་ ཀེ་གངས་རི་བཟོ་སྐྲུན་ལས་སྡེའི་ ཁག་འབགཔ་ལུ་ བཙོན་ཁྲིམས་ཟླཝ་༦ བཀལ་ཡོད་རུང་ ཆེ་མཐོ་གྲངས་མང་ཁྲིམས་ཁྲི་ལས་ བསྒྱུར་བཅོས་ཐོག་ ལོ་༣ བཀལ་ནུག།


༉ བདུན་ཕྲག་ཧེ་མའི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཁག་འབགཔ་ཅིག་ལུ་ ཡིག་ཆ་རྫུས་བཟོ་དང་ གཡོ་སྒྱུ་ལག་ལེན་ རྫུན་ཞུགས་གནས་ཚུལ་སྙན་ཞུ་འབད་བའི་ ཉེས་པ་ལུ་བརྟེན་ ལོ་༣ ཡངས་ཆག་མེད་པར་ བཙོན་ཁྲིམས་བཀལ་མི་ལུ་བརྟེན་ ཁག་འབགཔ་དེ་གིས་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།


སྤྱི་ཟླ་༤ པའི་ཚེས་༢༣ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ སྤ་རོ་ཀེ་གངས་རི་བཟོ་སྐྲུན་ལས་སྡེའི་ ཀརྨ་དགེ་ལེགས་དབང་ཕྱུག་ལུ་ ཉེས་འཛུགས་གསུམ་གྱི་ བཙོན་ཁྲིམས་ཁག་༣ སྦེ་ བསྡོམས་ལོ་ངོ་༤ དང་ ཟླ་ངོ་༢ ཕོག་དགོཔ་ཨིན་རུང་ ཚུལ་མིན་ལག་ལེན་དེ་ ཁག་འབག་གི་ ལཱ་གཅིག་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབད་ཡོདཔ་ལས་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༢༡༠ གྱི་དགོངས་དོན་ལྟར་ རྩོད་བཤེར་གཅིག་ལུ་གནང་བའི་ ཁྲིམས་ཚད་དེ་ སྟབས་གཅིག་ལུ་སྦེ་ ཉེས་ཁྲིམས་བཙོན་ནང་ ལོ་༣ བཀལ་ཡོདཔ་ཨིན་པས།
དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༥ ལུ་གནང་མི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ བསྒྱུར་བཅོས་ཐོག་ འཁྲུན་ཆོད་གནང་ཡོདཔ་ད་ ཐོག་མའི་ཁྲིམས་འདུན་གྱིས་ ཀརྨ་དགེ་ལེགས་དབང་ཕྱུག་ལུ་ གཡོ་སྒྱུ་ལག་ལེན་དང་ རྫུན་ཞུགས་གནས་ཚུལ་སྙན་ཞུ་འབད་བའི་ ཉེས་འཛུགས་གཉིས་ལུ་ ངོས་ལེན་འབད་དེ་ བཙོན་ཁྲིམས་ཟླ་ངོ་༦ བཀལ་ཡོད་རུང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ལུ་ ངོས་ལེན་མཛད་མ་བཏུབ་མི་ལུ་བརྟེན་ གཞུང་གི་ཧོངས་ལས་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཁྲིམས་བཤེར་དེ་ཡང་ བསམ་གྲུམ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ དགེ་སློང་མཁར་ལས་ སྨིན་རྗེས་འུང་ཚུན་ ཞིང་ལམ་ཀི་ལི་མི་ཊར་༡༣.༧༧༤ བསལ་ནིའི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༩.༩ འབད་མི་ ཁག་འབག་གི་ལཱ་དེ་ ཀེ་གངས་རི་བཟོ་སྐྲུན་ལུ་ བྱིན་ཡོདཔ་ལས་ ལཱ་དེ་ སྤྱི་ལོ་༢༠༠༧ ཟླཝ་༢ པའི་ཚེས་༡༥ ལས་ སྤྱི་ལོ་༢༠༠༩ ཟླཝ་༢ པའི་ཚེས་༡༤ ཚུན་ ཟླ་ངོ་༢༤ ལུ་ མཇུག་བསྡུ་དགོཔ་ཨིན་རུང་ ཁག་འབགཔ་དེ་གིས་ ཟླ་ངོ་༣༤ ལང་རུང་ ཞིང་ལམ་ཀི་ལོ་མི་ཊར་༣.༦༧ མ་གཏོགས་ བསལ་མ་ཚར་བའི་ཁར་ ལཱ་དེ་གི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༩.༩ ལས་ དངུལ་ཀྲམ་ས་ཡ་༥.༣ འཛིན་གྲོལ་འབད་ཚར་ཡོདཔ་ཨིན་པས།
ཀེ་གངས་རི་བཟོ་སྐྲུན་ལུ་ དུས་ཡུན་རྒྱ་བསྐྱེད་འབད་དེ་ བྱིན་ཡོད་རུང་ ལཱ་གི་གྲུབ་འབྲས་འཐོན་ནི་མེད་པར་ སྤྱི་ལོ་༢༠༠༩ ཟླཝ་༡༡ པའི་ཚེས་༦ ལུ་ ཁོ་གི་ ཁག་འབག་གི་ལཱ་དེ་ ཆ་མེད་བཏང་པའི་ཤུལ་ལུ་ ཀརྨ་དགེ་ལེགས་དབང་ཕྱུག་གིས་ རྫོང་ཁག་བདག་སྐྱོང་ལུ་ ཞིང་ལམ་གྱི་ བཟོ་བཀོད་དང་ དུས་ཡུན་ཚུ་ནང་ འཛོལ་བ་བཟོ་ཡོད་ཟེར་ ཁ་ཉེས་བཀལ་ཏེ་ ཁྲིམས་སར་བསྐྱལ་ཡོདཔ་ཨིན་པས།
དེ་འབདཝ་ད་ སྤྱི་ལོ་༢༠༠༩ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དགེ་སློང་མཁར་དང་ སྨིན་རྗེས་འུང་ཞིང་ལམ་བཟོ་སྐྲུན་ལུ་ དམིགས་བསལ་གྱི་ རྩིས་ཞིབ་འབདཝ་ད་ རིན་བསྡུར་སྐབས་ ཚུལ་མིན་དང་ གཡོ་སྒྱུ་ལག་ལེན་ཚུ་འཐབ་པའི་ མངོན་གསལ་བྱུངམ་ལས་ དངུལ་ཁང་གི་ ཡིག་ཆ་ཚུ་ ཁྲིམས་མཐུན་ཡོད་མེད་ཞིབ་དཔྱད་འབད་དགོཔ་སྦེ་ རྩིས་ཞིབ་སྙན་ཞུའི་ནང་ གྲོས་འདེབས་བཀོད་མི་དང་འཁྲིལ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཞིབ་དཔྱད་རྐྱབ་ད་ ཁག་འབགཔ་ཀརྨ་དགེ་ལེགས་དབག་ཕྱུག་གིས་ ཁག་འབག་གི་ རིན་བསྡུར་སྐབས་ ཡིག་ཆ་དག་པ་ཅིག་ གཡོ་སྒྱུའི་ཐོག་ལས་ ཕུལ་ཡོད་པའི་ མཐོང་གསལ་བྱུང་ནུག།
དེ་ཡང་ ཁག་འབགཔ་དེ་གིས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ དངུལ་འབྲེལ་ཡིག་ཆ་ དངུལ་ཀྲམ་ས་ཡ་༨.༤༦༣ འབད་མི་ཅིག་ སྤྱི་ལོ་༢༠༠༥ ཟླཝ་༡ པའི་ཚེས་༡༢ ལུ་སྤྲོད་ཡོདཔ་ངེས་བདེན་ཨིན་རུང་ ཡིག་ཆ་དེ་ སྤྱི་ལོ་༢༠༠༦ ཟླཝ་༡ པའི་ཚེས་༡༢ ལུ་སྤྲོད་ཡོདཔ་སྦེ་ རྫུས་མ་བཟོ་སྟེ་ རིན་བསྡུར་ནང་ བཙུགས་ཡོདཔ་ཨིན་པས།
གཉིས་པ་འབདཝ་ད་ ཁོ་གིས་ འབྲུག་གི་དངུལ་ཁང་ནང་ ཁོ་གི་རྩིས་དེབ་ནང་ དངུལ་ཀྲམ་༡,༣༣༠ ལས་བརྒལ་མེད་རུང་ དངུལ་ཀྲམ་ས་ཡ་༣.༦༥༡ ཡོདཔ་སྦེ་ རིན་བསྡུར་ནང་ བཙུགས་ཡོདཔ་ད་ གསུམ་པ་འབདཝ་ད་ ཁག་འབགཔ་དེ་གིས་ སྤ་རོ་ལུ་ ལྗོངས་ས་ཟམ་ཟེར་མི་དེ་ ཁོ་གིས་ རྐྱབ་ཡོད་པའི་ ལཱ་མཇུག་བསྡུའི་ ལག་ཁྱེར་བཙུགས་ཡོད་མི་དེ་ བདེན་དཔྱད་འབད་བའི་སྐབས་ ཟམ་དེ་ ཁོ་གིས་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ནང་ ཐོ་བཀོད་མ་འབད་བའི་ ལོ་༦ གི་ཧེ་མར་ རྐྱབ་ཚར་ཡོད་པའི་ མངོན་གསལ་བྱུངམ་ལས་ གཡོ་སྒྱུ་ལག་ལེན་དང་ དབང་འཛིན་ཚུ་ལུ་ རྫུན་ཞུགས་གནས་ཚུལ་སྙན་ཞུ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ ཀརྨ་དགེ་ལེགས་དབང་ཕྱུག་གིས་ གྲངས་མང་ཁྲིམས་ཁྲི་ལུ་ ཞུ་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞག་གྲངས་༡༠ གྱི་ ནང་འཁོད་ལུ་ མཐོ་གཏུགས་མ་འབད་མི་དེ་ ཞི་རྩོད་ང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༩༦ དང་ ༡༠༩ ཅན་མའི་ དགོངས་དོན་ལས་ འགལ་ཡོདཔ་ལས་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ མཐོ་གཏུགས་བཤེར་ཡིག་ ཕྱིར་འབུད་བཏང་མི་ལུ་ ཆ་གནས་མཛད་དགོ་ཟེར་ཨིནམ་ད་ རྩོད་ཟླའི་ཐད་ལུ་ ཐོག་མའི་ཁྲིམས་ཀྱི་འདུན་ས་ལས་དནང་བའི་ འཁྲུན་ཆོད་ལུ་ གཞི་བག་ནི་མ་གཏོགས་ ཁྲིམས་ལས་འགལ་ཏེ་ མཐོ་གཏུགས་ཕུལ་ཡོད་པའི་ བཤེར་ལན་ལུ་ རྩོད་ཟླའི་ཁ་ཐུག་ལས་ རྩ་ལས་ཕུལ་དགོཔ་ མ་མཐོང་ཟེར་ ཀརྨ་དགེ་ལེགས་དབང་ཕྱུག་གིས་ ཞུ་ནུག།
ཁོ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ཡང་ གནད་ཁུངས་དེ་ལུ་ གཞི་བཞག་སྟེ་ཨིན་པས།
ཁྲིམས་ཡིག་དང་འཁྲིལཝ་ད་ ཁེ་རྒུད་མ་བཏུབ་པ་ཅིན་ འཁྲུན་ཆོད་བཏོན་ཏེ་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ མཐོ་གཏུགས་འབད་དགོཔ་ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་གྲུབ་ལྗོངས་མཁར་ ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཕུལ་ནི་གི་དོན་ལུ་ ཕུན་ཚོགས་གླིང་བརྒྱུད་དེ་ འགྱོ་བའི་ལམ་ཁར་ སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༧ ལས་༡༩ ཚུན་ རྒྱ་གར་གྱི་མངའ་སྡེ་ ཨ་སཱམ་ལུ་ ལཱ་བཤོལ་ངོ་རྒོལ་ལུ་བརྟེན་ ལམ་བཀག་ནི་དེ་གིས་ དུས་ཚོད་ཁར་ ལྷོད་མ་ཚུགས་པར་ ལུས་སོཔ་ལས་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ཡང་ མཐོ་གཏུགས་བཤེར་ཡིག་ཕུལ་མི་དེ་ ངོས་ལེན་མཛད་མ་བཏུབ་པས།
ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གྲངས་མང་ཁྲིམས་ཁྲི་གིས་ ངོས་ལེན་མཛད་གནང་ཟེར་ ཞུ་བ་ཕུལ་མི་དང་བསྟུན་ འབྲུག་གི་ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༡༡༣ པའི་ནང་ ལམ་འགྲུལ་དུས་ཡུན་དང་ གཞུང་གི་ངལ་གསོ་ཚུ་ དམིགས་སུ་བཀོད་པའི་ དུས་ཡུན་དེ་ནང་ བརྩི་ནི་མེད་པའི་ དགོངས་དོན་དང་འཁྲིལ་ ངོས་ལེན་མཛད་དེ་ ཁྲིམས་བཤེར་འབདཝ་ད་ ཉེས་འཛུགས་ཁག་གསུམ་ནང་ ཐེ་ཚོམ་དང་བྲལ་བའི་ སྒྲུབ་བྱེད་ཚུ་ ཐོན་ཡོདཔ་ཨིན་པས།
གྲངས་མང་ཁྲིམས་ཁྲི་གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འཁྲུན་ཆོད་གནང་པའི་ཤུལ་ལུ་ ཁག་འབགཔ་ཀརྨ་དགེ་ལེགས་དབང་ཕྱུག་དེ་ ཁྲིམས་ནང་བཏང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།



No comments:

Post a Comment