གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞབས་དྲུང་དག་སྣང་མའི་མཐོང་གྲོལ་གསར་བཞེངས།

༢/༥/༢༠༡༢

གསར་བསྒྲུབས་འབད་མི་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ།
༉ ཁ་ཙ་ སེམས་རྟོགས་ཁ་རྫོང་ནང་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ་གསར་བཞེངས་བསྒྲུབས་མི་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ གཤེགས་པའི་སྐུ་མཆོད་ དུས་བཟང་ཁྱད་པར་ཅན་གྱི་ཉིན་མར་ གཞུང་འབྲེལ་ངལ་གསོ་དང་འབྲེལ་ རབ་གནས་བསྡུས་ཙམ་གནང་ཐོག་ལས་ མི་མང་ལུ་ མཇལ་ཁ་གནང་ཡི།


ཞབས་དྲུང་དག་སྣང་མའི་མཐོང་གྲོལ་དེ་ སེམས་རྟོགས་ཁ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ སློབ་ཕྲུག་བགྲེསཔ་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་བཞེངས་ཡོདཔ་ད་ དེ་ཡང་ ཚོགས་པའི་ཁྲི་འཛིན་ འཕྲིན་ལས་རྒྱ་མཚོ་དང་ སེམས་རྟོགས་ཁ་ རིག་གཞུང་སློབ་གྲྭའི་སློབ་དཔོན་ ཀུན་བཟང་རྡོ་རྗེ་ སེམས་རྟོགས་ཁ་བཤད་གྲྭའི་དབུ་འཛིན་ སྤ་རོ་ལས་ དྲུང་འཚོ་རྟ་མགྲིན་ཕུརཔ་ དེ་ལས་ ཐིམ་ཕུ་ ཤེས་རིག་ལས་རོགས་འགོ་དཔོན་ ཨྱོན་ཚེ་རིང་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཚོགས་པའི་དྲུང་ཆེན་ ཀུན་བཟང་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ མཐོང་གྲོལ་བཞེངས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སྤྱིར་གྱི་སེམས་ཅན་དང་ སྒོས་སུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ཞི་ནི་དང་ ཆབ་སྲིད་དར་ཞིང་རྒྱས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
རེས་གཟའ་ཟླཝ་ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ མགོན་པོའི་སྟོང་ཚོགས་ཀྱི་ ཚོགས་འཁོར་སྐོར་ཡོདཔ་བཞིན་དུ་ ཁ་ཙ་ ཚང་ཁ་རིན་པོ་ཆེའི་ སྤྲུལ་སྐུ་མཆོག་གིས་ གཙོས་པའི་ དགེ་སློང་ཞལ་གྲངས་༣༠ ལྷགཔ་ཅིག་གིས་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ་གྱི་ རབ་གནས་བསྡུས་ཙམ་གནང་ཡོདཔ་ཨིན་པས།
ལུང་བསྟན་ཕུག་ལས་ ཨང་རྒས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ སེམས་རྟོགས་ཁ་རྫོང་ནང་ལུ་ ད་ཚུན་གྱི་རིང་ ཞབས་དྲུང་དག་སྣང་མའི་ མཐོང་གྲོལ་མེདཔ་ལས་ ད་རིས་ འདི་བཟུམ་གྱི་ མཐོང་གྲོལ་གསར་བཞེངས་གནང་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ སླབ་ཨིན་པས།
གཞུང་གཡོག་ནང་ལཱ་འབད་མི་ ཟླ་བ་རྒྱལ་མཚན་གྱིས་འབད་བ་ཅིན་ སེམས་རྟོགས་ཁའི་རྫོང་དེ་ ཞབས་དྲུང་མཆོག་གི་ གདན་ས་ཨིནམ་མ་ཚད་ ཞབས་དྲུང་མཆོག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ བྱིན་གྱིས་བརླབས་ཡོདཔ་ལས་ བཀྲིན་རྗེས་སུ་དྲན་ནིའི་དོན་ལུ་ བཟའ་ཚང་ག་ར་ མཐོང་གྲོལ་མཇལ་ཁ་ཞུ་བར་ འོང་ཡི་ཟེར་ཨིན་པས།
སྐྱེས་ལོ་༧༦ ལང་མི་ ལྷགཔ་ཚེ་རིང་གིས་ ཞབས་དྲུང་དག་སྣང་མའི་ མཐོང་གྲོལ་མཇལ་ནི་གི་དོན་ལུ་ སྤ་རོ་ལས་ དྲོ་པ་འོང་ཡི་ཟེར་ཨིན་པས།
སློབ་ཕྲུག་བགྲེསཔ་ལ་ལུ་ཅིག་གིས་འབད་བ་ཅིན་ ད་ཚུན་ རིག་གཞུང་སློབ་གྲྭའི་སློབ་དཔོན་འོག་ལས་ ཞབས་དྲུང་རིན་པོ་ཆེའི་གདན་ས་དེ་ཁར་ ཆོས་ཡོན་ཏན་ལྷབ་ནིའི་གོ་སྐབས་ཐོབ་མི་དེ་ སྐལ་བ་བཟང་ནུག་ཟེར་ཨིནམ་ད་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཕྱིད་ཞུ་བའི་སྐབས་ལུ་ཡང་ རྐྱེན་ངན་བར་ཆད་ག་ནི་ཡང་མ་བྱུང་པར་ བདེ་ཏོག་ཏོ་སྦེ་ སྡོད་ནི་ཡོད་མི་དེ་ ཞབས་དྲུང་རིན་པོ་ཆེའི་ ཐུགས་རྗེ་བྱིན་རླབས་ལུ་བརྟེན་ཨིན་ཟེར་ཨིན་པས།
རྒྱ་ཚད་ཕིཊ་༡༤ དང་ མཐོ་ཚད་ཕིཊ་༡༦ འབད་མི་ མཐོང་གྲོལ་དེ་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༡༧ དེ་ཅིག་གནས་ཡོདཔ་ད་ མཐོང་གྲོལ་བཞེངས་པའི་སྐབས་ ཟླ་ངོ་༡༡ གི་རིང་འགོར་ཡོད་པའི་ཁར་ མཐོང་གྲོལ་གྱི་ རབ་གནས་རྒྱས་པ་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གནང་ནི་ཨིན་པའི་གནས་ཚུལ།

 བཀྲིས་ཕུན་ཚོགས།

No comments:

Post a Comment