ལས་རིམ་འགོ་དཔོན་ བདེ་སྐྱིད་དབང་མོ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ ན་གཞོན་ཚུ་ ལྕོགས་གྲུབ་དང་ རིག་རྩལ་ཡར་དྲག་བཏང་ཐོག་ མི་ཚེ་མཐར་འཁྱོལ་ཅན་ བཟོ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
སྦྱོང་བརྡར་ཚུ་ཡང་ ལྟ་བཤལ་ཚོང་ལཱ་དང་ མགྲོན་སྐྱོང་པ་ དེ་ལས་ ལག་ཤེས་སྦྱོང་ལཱ་ཚུ་ ཨིན་པས།
ལས་རིམ་གཙོ་འཛིན་འགོ་དཔོན་ ཀརྨ་གིས་ སླབ་མི་དང་འཁྲིལཝ་ད་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་གི་སྦྱོང་བརྡར་ཁག་༧ བྱིན་ཡོད་མི་ཚུ་ཡང་ བཟོ་སྐྲུན་གྱི་རིག་རྩལ་དང་ བཞེས་སྒོ་འབད་ནི་ ལག་ཤེས་ ཚོང་འབྲེལ་བཞེས་སྒོ་འབད་ནི་ ཁ་ཟས་བཟོ་ནི་ མངར་ཟས་བཟོ་ནི་ བཟོ་བཟོ་ནི་ སྐྱ་བཏོག་ནི་ ཡིག་ཚང་འཛིན་སྐྱོང་འཐབ་ནི་ དེ་ལས་ འཕྲུལ་ཆས་ལག་ལེན་འཐབ་ནི་གི་ སྦྱོང་བརྡར་ཚུ་ ཨིན་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་ཚུ་ ལྷན་ཁག་གིས་ ཟླཝ་༢ ཀྱི་ཧེ་མ་ལས་ གསལ་བསྒྲགས་འབད་དེ་ གོ་སྐབས་བྱིན་རུང་ ད་ལྟོ་ཚུན་ ཞུ་ཡིག་བཙུགས་མི་ ན་གཞོན་ཚུ་ མ་ཐོན་ཟེར་ཨིན་པས།
ལས་རིམ་གཙོ་འཛིན་འགོ་དཔོན་ ཀརྨ་གིས་འབད་བ་ཅིན་ ཚོང་འབྲེལ་གྱི་མཁོ་འདོད་དང་ ལཱ་གཡོག་གི་གོ་སྐབས་ འོས་འབབ་དང་ལྡནམ་ལས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ སྦྱོང་བརྡར་བྱིན་ཡོད་རུང་ ན་གཞོན་ཚུ་གིས་ བཟོ་སྐྲུན་གྱི་ལཱ་ དཔེ་འབད་བ་ཅིན་ རྡོ་དང་རྩིག་བཟོ་ ཤིང་བཟོ་ དེ་ལས་ ལྕགས་མཐུད་རྐྱབ་ནིའི་ ལཱ་གཡོག་ཚུ་ནང་ དང་འདོད་བསྐྱེད་མི་བཏུབ་པས་ཟེར་ཨིན་པས།
ད་ལྟོ་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་གཡོག་གི་ ས་སྟོང་༢༨༠ ཡོད་མིའི་ནང་ ན་གཞོན་༡༠༠ ལྷགཔ་ཅིག་གིས་ འཛུལ་ཞུགས་འབད་ཡོད་རུང་ ད་རུང་ ས་སྟོང་༡༤༠ ལྷགཔ་ཅིག་ ལུས་ཡོདཔ་ད་ ལོ་བསྟར་བཞིན་དུ་ ས་སྟོང་གསལ་བསྒྲགས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༠.༣ བཞག་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གློག་མེ་འཕྲུལ་ཁང་ཚུ་ནང་ ས་སྟོང་༣༧,༠༠༠ ཡོདཔ་ཨིན་རུང་ ན་གཞོན་ཚུ་གིས་ དེ་བཟུམ་མའི་ ལཱ་གཡོག་ནང་འཛུལ་མ་བཏུབ་པའི་ཁར་ ཁོང་གི་རེ་འདོད་དེ་ གཞུང་གཡོག་དགོཔ་ཨིནམ་ལས་ འབད་ཐབས་གཞན་ མིན་འདུག་ཟེར་ཨིན་པས།
སྦྱོང་བརྡར་འབད་ཚར་མི་ ན་གཞོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷན་ཁག་གིས་ སྦྱོང་བརྡར་གྱི་ གོ་སྐབས་གནང་རུང་ སྦྱོང་བརྡར་འབད་ཚར་ཞིནམ་ལས་ ལྷན་ཁག་ལས་ གཞུང་དང་ སྒེར་སྡེ་ དེ་ལས་ གཞུང་མིན་ལས་སྡེ་ཚུ་ནང་ ལཱ་གཡོག་གི་ གོ་སྐབས་མི་ཐོབ་པས་ཟེར་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ ལཱ་གཡོག་གི་ གོ་སྐབས་བྱིན་རུང་ སྦྱོང་བརྡར་འབད་མི་དང་ རྟགས་མི་མཐུན་པས་ཟེར་ཨིནམ་ད་ གལ་སྲིད་ སྒེར་སྡེ་དང་ གཞུང་མིན་ལས་སྡེ་ཚུ་ནང་ ལཱ་གཡོག་ཐོབ་སྟེ་འབད་རུང་ ལཱ་གཡོག་གི་ ཉེན་སྲུང་མེད་ནི་དེ་གིས་ སྤྲོ་བ་བསྐྱེད་མི་ཚུགས་པས་ཟེར་ སླབ་ཨིན་པས།
ལྷན་ཁག་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ སྒེར་སྡེ་དང་ གཞུང་མིན་ལས་སྡེ་ཚུ་ནང་ ལཱ་གཡོག་འཚོལ་བའི་སྐབས་ལུ་ འཛིན་སྐྱོང་པ་ཚུ་གིས་ ལཱ་གཡོག་གི་བཅའ་ཁྲིམས་ཚུ་ ཚུལ་མཐུནམ་སྦེ་ ལག་ལེན་འཐབ་མ་འཐབ་ཀྱི་ དབྱེ་ཞིབ་ཚུ་འབད་དོ་ཟེར་ཨིནམ་ད་ ཟླ་རིམ་གྱི་ དངུལ་ཕོགས་ཚུ་ཡང་ ལཱ་གཡོག་གི་ བཅའ་ཁྲིམས་ལྟར་དུ་ སྤྲོད་དོ་ཡོདཔ་ལས་ ཉེན་སྲུང་དང་ལྡནམ་སྦེ་ར་ ཡོད་ཟེར་ཨིན་པས།
ལྷག་པར་དུ་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ན་གཞོན་ཚུ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཐོནམ་ད་ ལྷན་ཁག་ལུ་ སྙན་ཞུ་ཕུལ་དགོཔ་ཨིན་རུང་ ད་ལྟོ་ཚུན་ སྙན་ཞུ་མ་ལྷོདཔ་ལས་ ཤེས་མི་ཚུགས་པས་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ ན་གཞོན་ཚུ་གིས་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཞིནམ་ལས་ ལཱ་གཡོག་འཚོལ་འགྱོ་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༦༥ དེ་ཅིག་ ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment