གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏཱ་ར་ཡ་ན་གཞི་བཙུགས་ཀྱི་ ཉིནམ་བརྩི་སྲུང་།

༥/༥/༢༠༡༢

ཁ་ཙ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་གཙོ་འཛིན་ མི་དབང་རྒྱལ་ཡུམ་ 
ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ ཇ་པཱན་གཞུང་མིན་ཚོགས་པའི་ 
ངོ་ཚབ་ཀྱི་བར་ན་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་པའི་བསྒང་།
༉ ཁ་ཙ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ ས་ཁོངས་ནང་སྦེ་ རང་ལུགས་ཀྱི་ སྔར་ཁྱུན་གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་བའི་ བརྗོད་དོན་ཐོག་ལུ་ ཏཱ་ར་ཡ་ན་གཞི་བཙུགས་ཀྱི་ཉིནམ་ ཐེངས་༩ པ་ བརྩི་སྲུང་འབད་ཡི།


ཏཱ་ར་ཡ་ན་གཞི་ཚོགས་དེ་ སྤྱི་ལོ་༢༠༠༣ ཟླ་༥ པའི་ཚེས་༤ ལུ་ མི་དབང་རྒྱལ་ཡུམ་ ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ནང་ སྐྱིད་སྡུག་སྦོམ་ཕོག་མི་ མི་སེར་སྤྱང་ཀ་ཚུ་དང་ ལྷག་པར་དུ་ བདག་འཛིན་འཐབ་མི་མེད་པའི་ རྒན་རྒས་ཚུ་གི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་མིའི་ནང་ ཏཱ་ར་ཡ་ན་ གཞི་བཙུགས་འབད་བའི་ཉིནམ་ལས་ ད་ལྟོ་ཚུན་ གཞི་ཚོགས་དེ་གིས་ རྒྱལ་ཁབ་ནང་ སྐྱིད་སྡུག་སྦོམ་ཕོག་མི་ རྒེད་འོག་༨༠ དེ་ཅིག་གི་ མི་སེར་ཚུ་ལུ་ ཐབས་ཤེས་སྣ་ཚོགས་ཐོག་ལས་ རྒྱབ་སྐྱོར་དང་ ལམ་སྟོན་བཟང་པོ་ཚུ་ བྱིན་བཞིན་དུ་ཡོད་ཟེར་ཨིན་པས།
ཏཱ་ར་ཡ་ན་གཞི་ཚོགས་ལུ་བརྟེན་ ད་རེས་ནངས་པ་ མི་སེར་ཉམ་ཆུང་ཚུ་ རང་མགོ་འདྲོངས་སྦེ་ སྡོད་ཚུགསཔ་བཟོ་ནི་ལུ་ རང་སོའི་མི་སྡེ་ནང་ གཅིག་གིས་གཅིག་ལུ་ གྲོགས་རམ་དང་ རྒྱབ་སྐྱོར་ཚུ་འབད་ནི་དེ་གིས་ ཧེ་མ་དང་ཕྱདཔ་ད་ འགན་ཁུར་ཚུ་ འབག་ཚུགས་པའི་ལྕོགས་གྲུབ་དང་ ཡར་དྲག་སོང་ཡོདཔ་ལས་ ངལ་རངས་ཡོད་ལུགས་ཚུ་ གསུངས་གནང་ཡི།
ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ འཆི་མེད་ཊི་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ཉིནམ་དང་འབྲེལ་ རང་ལུགས་ཀྱི་ སྔར་ཁྱུན་ཚུ་ གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་ཟེར་ བཞག་དགོ་པའི་དམིགས་ཡུལ་དེ་ཡང་ རྒེད་འོག་༨༠ གི་ མི་སེར་ཉམ་ཆུང་ཚུ་ རྒྱལ་ས་ལྟེ་བ་ལུ་ འོང་ནིའི་གོ་སྐབས་དང་ ཁོང་གིས་ ཐིམ་ཕུའི་ལམ་ལུགས་སྲོལ་དང་ ལྟ་རྒྱ་མཐོང་རྒྱ་ སྤྱོད་ལམ་ དེ་ལས་ མི་དྲག་ཞན་ཆེ་ཆུང་མེད་པར་ འབྲེལ་བ་འཐབ་ཚུགསཔ་ བཟོ་ནི་ཚུ་ཨིན་ཟེར་ཨིན་པས།
དེ་མ་ཚད་ མི་སྡེ་ནང་ཡོད་མི་ སྔར་ཁྱུན་བཟོ་བཀོད་ཚུ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་ས་ལྟེ་བ་ ཐིམ་ཕུའི་ཚོང་པ་ཚུ་དང་གཅིག་ཁར་ ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་བཟོ་བཅུག་ནི་དང་ རིག་པ་དང་ ཡོན་ཏན་ ཉམས་མྱོང་ཐོབ་མི་ཚུ་ ལོག་རང་སོའི་ མི་སྡེ་ནང་ལྷོདཔ་ད་ དཔེ་སྟོན་ཐོག་ལས་ མི་ཚེའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ཨིན་ཟེར་ བཤདཔ་ཨིན་པས།
རང་སོའི་གཡུས་སྒོ་ཚུ་ནང་ དང་ཕུ་ལས་བཟོ་མི་ ཅ་ཆས་ཚུ་ ཆུ་ཚོད་འཁོར་ལོའི་ ས་ཁོངས་ནང་ ཉིན་གྲངས་༣ གྱི་རིང་ ཚོང་འབྲེལ་འཐབ་ནི་ཨིནམ་ད་ པདྨ་དགའ་ཚལ་རྫོང་ཁག་ མི་ཀུ་རི་ལས་ རིན་ཆེན་དབང་མོ་གིས་འབད་བ་ཅིན་ ལས་རིམ་དེ་ལུ་བརྟེན་ གོ་སྐབས་བཟང་པོ་ ཐོབ་ཅི་ཟེར་ཨིནམ་ད་ ལས་རིམ་འདི་ནང་ལས་ཐོབ་མི་ ཡོན་ཏན་དང་ ཉམས་མྱོང་ དེ་ལས་ རིག་རྩལ་ཚུ་ གཡུས་ཁར་ལྷོད་ཞིནམ་ལས་ མི་སྡེ་ཚུ་ལུ་ ག་དེ་དྲག་དྲག་ ཆ་རོགས་འབད་ནི་ཟེར་ སླབ་ཨིན་པས།
བསམ་རྩེ་རྫོང་ཁག་ལས་ བཅའ་མར་གཏོགས་མི་༨ ཀྱིས་ སྐུ་མགྲོན་ཡོངས་ལུ་ རང་ལུགས་ཀྱི་ཞབས་ཁྲ་ ཅི་ལི་ཅི་ལི་སྤྱན་འབུལ་ཞུ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ དེ་བཟུམ་མའི་ ཞབས་ཁྲ་དེ་ རྒྱལ་ཁབ་ནང་མེདཔ་ལས་ ཉམས་ནིའི་གུ་ ལྷོད་ནུག་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་འབད་རུང་ ཞབས་ཁྲ་དེ་ལུ་ སྤྲོ་བ་བསྐྱེད་མི་མེདཔ་ལས་ ད་རེས་ སྐུ་མགྲོན་ཡོངས་ལུ་ སྤྱན་འབུལ་ཕུལ་ནིའི་ གོ་སྐབས་ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་ཚུ་གིས་ ཁས་བླངས་ཐོག་ལས་ མི་སེར་ཉམ་ཆུང་ཚུ་གི་དོན་ལུ་ མ་དངུལ་བཟོ་ནིའི་དོན་ལས་ ཚོང་ཁང་སྦོམ་ཚུ་གིས་བྱིན་མི་ གྱོན་ཆས་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་ཡོདཔ་ད་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ སྦྱོང་བརྡར་འབད་མི་ཚུ་གིས་ཡང་ ཁས་བླངས་ཐོག་ལས་ ལས་རིམ་དེ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཏཱ་ར་ཡ་ན་གཞི་བཙུགས་ཀྱི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་གཙོ་འཛིན་ མི་དབང་རྒྱལ་ཡུམ་ ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ ཇ་པཱན་གཞུང་མིན་ཚོགས་པའི་ ངོ་ཚབ་ཀྱི་བར་ན་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment