གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེང་ཀོག་ལུ་ འབྲུག་མི་ཨམ་སྲུ་དྲངས་མིའི་ རྩོད་དོན་མཇུག་མ་བསྡུ་བར་ཡོདཔ།



༤/༥/༢༠༡༢


༉ ཟླཝ་ཧེ་མའི་ སྔ་ཆ་ལུ་ ཐའི་ལེནཌ་གི་རྒྱལ་ས་ བེང་ཀོག་ལུ་སྡོད་མི་ ཏའི་ཝཱན་གྱི་ བཟའ་ཚང་ཅིག་གིས་ ཁོང་རའི་ཁྱིམ་ནང་ གཡོག་ལཱ་འབད་མི་ འབྲུག་མི་ཨམ་སྲུ་ཅིག་ལུ་ བརྡུང་རྫོབ་འབད་མི་ལུ་བརྟེན་ ཉམས་རྒུད་པ་དེ་ རྒྱལ་ཁབ་ནང་ ལོག་འོང་ནི་སྦེ་ ཐག་བཏོག་ཡོདཔ་ཨིན་རུང་ བྱུང་རྐྱེན་དེ་གི་སྐོར་ལས་ བདེ་སྒྲིག་བཟོ་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།


དེ་ཡང་ ཧཱ་རྫོང་ཁག་ལས་ཨིན་མི་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་དེ་ སྤྱི་ཟླ་༤ པའི་ཚེས་༩ ལས་བེང་ཀོག་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ རྒྱབ་འཚོལ་ཏེ་ སྡོད་ཞིནམ་ལས་ཚུར་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ ཨཔ་ཨཱན་ཌེ་དང་ ཨམ་ཇོའི་ན་ཟེར་སླབ་མི་ བཟའ་ཚང་ལུ་ ཉམས་རྒུད་པའི་ ཕྱི་མི་སྐྱོད་ཐམ་གྱི་ དུས་རྫོགས་ཉེས་ཆད་ ཌོ་ལར་༧༠༠ དེ་ཅིག་དང་  འབྲུག་ལུ་འོང་ནིའི་ གནམ་གྲུའི་གླ་ཆ་སྤྲོད་དགོ་པའི་སྐོར་ བར་ན་མི་བཙུགས་ཏེ་ བློ་སླབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ བཟའ་ཚང་དེ་ ཏའི་ཝཱན་དང་ ས་གནས་གཞན་ཚུ་ནང་ འགྱོ་ཡི་ར་ སྡོད་པའི་ཁར་ ཁ་སྐད་ཀྱི་དཀའ་ངལ་ལུ་བརྟེན་ བདེ་སྒྲིག་བཟོ་མ་ཚུགས་པར་ ལུས་ཡོད་རུང་ གཞུང་ཚབ་ལས་ཁང་གིས་ ཉམས་རྒུདཔ་ཨམ་སྲུ་དེ་ལུ་ སྤྲོད་དགོཔ་ཡོད་མི་ཚུ་ ད་རིས་རེས་གཟའ་སྤེན་པ་ལུ་ སྤྲོད་དགོཔ་སྦེ་ ཞག་དུས་བྱིན་ཏེ་ཡོད་ཟེར་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཅིག་གིས་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
གལ་སྲིད་ བཟའ་ཚང་དེ་གིས་ ཉམས་རྒུད་པ་ལུ་ སྐྱོད་ཐམ་གྱི་ ཉེས་ཆད་དང་ གནམ་གྲུའི་གླ་ཆ་སྤྲོད་མ་བཏུབ་པ་ཅིན་ ཁྲིམས་དང་འཁྲིལ་ འབད་ནི་ཨིནམ་མ་ཚད་ ལཱ་གཡོག་འབད་བར་བཏང་མི་ མཁན་པོ་དེ་ཡང་ ཁྲིམས་ཀྱི་འདུན་སར་ བསྐྱལ་དགོཔ་འོང་ཟེར་ འབྲུག་གི་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ད་ལྟོ་ ཟླ་ངོ་ཕྱེད་དང་༡༡ གི་ དངུལ་ཕོགས་མ་ཐོབ་པར་ཡོད་མི་ ཉམས་རྒུདཔ་ཨམ་སྲུ་དེ་ སྤྱི་ལོ་༢༠༡༠ ཟླཝ་༡༠ པའི་ཚེས་༡༩ ལུ་ སྤ་རོ་ལུ་བཞུགས་མི་ མཁན་པོ་བསོད་ནམས་ཀྱིས་ བེང་ཀོག་གི་ས་གནས་ ར་ཅཱད་པི་སེག་ལུ་སྡོད་མི་ ཏའི་ཝཱན་གྱི་ བཟའ་ཚང་གི་ཁྱིམ་ནང་ གཡོག་ལཱ་འབད་བར་ བཏང་ཡོདཔ་ད་ རྩོད་དོན་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༨ ཀྱི་དྲོ་པའི་ཆུ་ཚོད་༥ ལུ་ མོ་དང་ འབྲུག་མི་ཆ་རོགས་ཨམ་སྲུ་གཞན་༢ ཁྱིམ་ནང་ དུས་རྒྱུན་གྱི་ ལཱ་འབད་ནི་ འགོ་བཙུགསཔ་ད་ སྦྱིན་བདག་ཨམ་ཇོའི་ན་གིས་ ཐབ་ཚང་ཧིང་སངས་ས་སྦེ་ མ་འཕྱག་པས་ཟེར་ ཉོགས་བཤད་བརྡུང་སྟེ་ མོ་ལུ་ ལྡན་ལྕག་གིས་ དྲང་ཡོདཔ་མ་ཚད་ སྦྱིན་བདག་ཨཔ་དེ་གིས་ཡང་ ཟས་བཅུད་སྨན་གྱི་ཧོད་ གྱིབ་དམ་ཆུང་ཀུ་ཅིག་འཐུ་སྟེ་ མོ་གི་ མིག་ཏོ་གུ་ བླུགས་བྱིན་པའི་ཤུལ་ལུ་ མོ་ བྱོག་སོང་སྟེ་ ཆ་རོགས་འབད་སར་ སྡོད་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ བཟའ་ཚང་གཉིས་ཀྱིས་ མོ་ལུ་ ཧེ་མར་ཡང་ བརྡུང་རྫོབ་ལན་ཐེངས་ ལེ་ཤ་འབད་ཡི་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་ཤུལ་ལས་ སྤྱི་ཟླ་༤པའི་ཚེས་༡༧ ལུ་ འབྲུག་མི་ཆ་རོགས་གཞན་༢ ཡང་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ད་ སྤྱི་ལོ་༢༠༡༠ ཟླཝ་༨ པའི་ཚེས་༡༣ ལས་ཚུར་ བཟའ་ཚང་དང་གཅིག་ཁར་ ལཱ་འབད་མི་ བཀྲིས་གཡང་རྩེ་ལས་ སྐྱེས་ལོ་༢༢ ལང་མི་ ཨམ་སྲུ་དེ་གིས་འབད་བ་ཅིན་ ཁྱིམ་གྱི་སྦྱིན་བདག་གིས་ མོ་ རྒྱལ་ཁབ་ནང་ ལོག་འོང་ནིའི་དོན་ལུ་ དུས་ཚོད་རྫོགས་པའི་ སྐྱོད་ཐམ་གྱི་ཉེས་ཆད་ ཐའི་གི་ཏི་རུ་ བཱཊ་༢༠,༠༠༠ དང་ གནམ་གྲུའི་གླ་ཆ་ ཌོ་ལར་༤༥༣ སྤྲོད་ཡོད་རུང་ བེང་ཀོག་ལུ་ལྷོད་དེ་ ཉིན་གྲངས་༡༧ ལཱ་འབད་བའི་ཤུལ་ལུ་ རྒྱལ་ཁབ་ནང་ ལོག་བཏང་མི་ མོང་སྒར་ལས་ སྐྱེས་ལོ་༢༧ ལང་མི་ ཨ་ལུ་༢ ཀྱི་ཨའི་ལུ་ གནམ་གྲུའི་གླ་ཆ་སྤྲོད་ནི་ཕར་བཞག་ མོ་གིས་ ཏའི་ཝཱན་གྱི་ བཟའ་ཚང་གི་དོན་ལུ་ ཉིན་གྲངས་༡༧ ལཱ་འབད་བའི་ གླ་ཆ་ཡང་ སྤྲོད་མ་བཏུབ་ལས་ མཁན་པོ་བསོད་ནམས་དང་ རྩོད་གཞི་ཕྱེ་ནི་སྦེ་ ཐག་བཅད་ནུག།
དེ་འབདཝ་ད་ སྤྱི་ཟླ་༥ པའི་ཚེས་༢ ལུ་  མཁན་པོ་བསོད་ནམས་ཀྱིས་ མོ་ལུ་ གནམ་གྲུའི་གླ་ཆ་དང་ ཉིན་གྲངས་༡༧ གྱི་རིང་ལཱ་འབད་བའི་ གླ་ཆ་ཚུ་རྩིས་རྐྱབ་སྟེ་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་བྱིན་ཡོདཔ་ལས་ རྩོད་དོན་དེ་ མཇུག་བསྡུ་ཡི་ཟེར་ མོ་གིས་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment