གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་བརྒྱུད་ཚུ་ རང་དབང་གི་ཐོག་ལས་ ལཱ་འབད་ནི་ལུ་དོ་འགྲན།

༤/༥/༢༠༡༢

ཁ་ཙ་ ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་ 
རྒྱལ་སྤྱི་བརྡ་བརྒྱུད་རང་དབང་གི་ཉིནམ་ བརྩི་སྲུང་འབད་བའི་བསྒང་།
༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་གྱི་བྱུང་རྐྱེན་ ཧ་གོ་ནིའི་དོན་ལུ་ གཞུང་གིས་ ཚོགས་པ་ཅིག་ གཞི་བཙུགས་འབད་མི་དེ་གིས་ དཀའ་ངལ་ཚུ་ ཞིབ་དཔྱད་འབད་དེ་ གཞུང་ལུ་ སྙན་ཞུ་ཕུལ་ཞིནམ་ལས་ མི་མང་ལུ་ གསལ་བཏོན་མ་འབད་བར་ གསང་བཞག་མི་དེ་ བརྡ་དོན་དང་འབྲེལ་བའི་དབང་ཚད་ མ་ཐོབ་པའི་རྟགས་ཨིན་ཟེར་ གསར་ཤོག་ཅིག་གི་ གནས་ཚུལ་རྩོམ་སྒྲིགཔ་གིས་ ཁ་ཙ་ རྒྱལ་སྤྱི་བརྡ་བརྒྱུད་རང་དབང་གི་ ཉིནམ་བརྩི་སྲུང་འབད་བའི་སྐབས་བཤད་ཅི།


འབྲུག་གནས་ལུགས་ཀྱི་ གནས་ཚུལ་རྩོམ་སྒྲིགཔ་ དངོས་གྲུབ་བཟང་པོ་གིས་འབད་བ་ཅིན་ མ་གཞི་ རུ་པི་མ་ལང་པའི་སྐོར་ལས་ ཞིབ་དཔྱད་སྙན་ཞུ་དེ་ མི་མང་གིས་ ཧ་གོ་ནིའི་དོན་ལུ་ མི་མང་བརྡ་སྤེལ་དང་འབྲེལ་བའི་ གྲོས་གནས་ནང་ གསལ་བཏོན་འབད་དགོ་ནི་ཨིན་རུང་ གཞུང་གིས་ བརྡ་བརྒྱུད་ཚུ་ལུ་ གནང་མ་བཏུབ་ཟེར་ཨིནམ་ད་ སྙན་ཞུ་དེ་ འབྲུག་མི་ཚུ་གི་དོན་ལུ་ ཁག་ཆེ་ཤོས་ཨིནམ་ལས་ ག་ར་གིས་ ཤེས་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་བཟུམ་མའི་ གནད་དོན་ཚུ་ ཁ་ཙ་ ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་ རྒྱལ་སྤྱི་བརྡ་བརྒྱུད་རང་དབང་གི་ཉིནམ་ བརྩི་སྲུང་འབད་མི་དང་འབྲེལ་ བརྡ་བརྒྱུད་ཀྱི་མཁས་མཆོག་༢ དང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཀྲིས་དབང་མོ་ དེ་ལས་ རྒྱང་བསྒྲགས་སྐུ་གཟུགས་ལས་ འགོ་དཔོན་ཅིག་འབདཝ་ད་ མི་༤ གིས་ རྒྱལ་ཁབ་ནང་ བརྡ་བརྒྱུད་དང་དབང་གི་གནས་ཚད་དང་ གནས་ཚུལ་སྤུས་ཚད་ཅན་གྱི་སྐོར་ལས་ གསལ་བཤད་འབད་མིའི་ནང་ ལེགས་སྦྱར་བ་དང་ གཞུང་གི་འགོ་དཔོན་ དེ་ལས་ ན་གཞོན་སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡི།
དངོས་གྲུབ་བཟང་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཞི་གཡོག་༢༣,༠༠༠ དེ་ཅིག་ཡོད་མི་ལས་༡༡,༠༠༠ ལྷགཔ་ཅིག་ མཁས་མཆོག་གི་ གནས་ཚད་ནང་ཡོད་རུང་ ཁོང་གིས་ བརྡ་བརྒྱུདཔ་ཚུ་ལུ་ བརྡ་དོན་ལེགས་ཤོམ་སྦེ་ བྱིན་མ་བཏུབ་པའི་དཀའ་ངལ་ཡོདཔ་ལས་ ཁོང་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ མཐུན་འབྲེལ་གྱི་ཐོག་ལས་ བརྡ་དོན་ཚུ་ མི་མང་ལུ་ཁ་གསལ་སྦེ་ གསལ་བཏོན་འབད་དགོ་ཟེར་ཨིན་པས།
བརྡ་དོན་བྱིན་མི་བཏུབ་པས་ཟེརཝ་ད་ གནས་ཚུལ་རྩ་ལས་ར་ བྱིན་མ་བཏུབ་མེན་པར་ རྒྱལ་ཁབ་དང་ མི་མང་ལུ་ཕན་པའི་སྤུས་ཚད་ཅན་གྱི་ བརྡ་དོན་ཚུ་ བྱིན་མི་བཏུབ་པས་ཟེར་ཨིནམ་ད་ དེ་ལུ་བཀག་ཆ་འབད་མི་དེ་ རྒྱལ་ཁབ་ནང་ རིམ་མང་སྲིད་གཞུང་གི་ལམ་ལུགས་ སྒྲིང་སྒྲིང་ཡོདཔ་ལས་བརྟེན་ ཨིན་ཟེར་བཤད་ཅི།
ཀུན་གསལ་ལས་འཛིན་གྱི་ གནས་ཚུལ་རྩོམ་སྒྲིགཔ་ བསམ་གཏན་དབང་ཕྱུག་གིས་འབད་བ་ཅིན་ ཁོ་གིས་ བརྡ་བརྒྱུད་ནང་ལཱ་འབད་དེ་ ལོ་༡༠ ལྷགཔ་ཅིག་སོང་རུང་ ད་ལྟོའི་བར་ན་ཡང་ བརྡ་དོན་འཐོབ་ནི་ལུ་ དཀའ་ངལ་ཐོནམ་མས་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་འགོ་དཔོན་ཚུ་གིས་ བརྡ་བརྒྱུདཔ་ཚུ་ལུ་ བརྡ་དོན་བྱིན་དགོ་ མ་བདེ་ནི་དེ་གིས་ ཨིན་མས་ཟེར་བཤད་ཡོདཔ་ད་ དེ་བཟུམ་མའི་དཀའ་ངལ་བསལ་དགོ་པ་ཅིན་ བརྡ་དོན་རང་དབང་གི་ བཅའ་ཁྲིམས་དགོཔ་ཁག་ཆེ་རུང་ ད་ལྟོ་བཅའ་ཁྲིམས་དེ་ བཟོ་ནིའི་དོན་ལུ་བརྡ་བརྒྱུད་ཀྱི་ཧོངས་ལས་ གཞུང་ལུ་ ཨུ་ཚུགས་བསྐྱེད་རུང་ ཆ་འཇོག་གྲུབ་མ་ཚུགས་ཟེར་ཨིན་པས།
བརྡ་བརྒྱུད་ཀྱི་ མཁས་མཆོག་ཚུ་གིས་འབད་བ་ཅིན་ བརྡ་དོན་དབང་རང་གི་ བཅའ་ཁྲིམས་ཡོད་པ་ཅིན་ བརྡ་བརྒྱུདཔ་ཚུ་གིས་ ལཱ་འབད་ཐངས་ཀྱི་ ལམ་ལུགས་དང་ཁྲིམས་ཚུ་ ཧ་གོ་ནི་ལུ་ ཕན་པ་ཡོདཔ་མ་ཚད་ གཞུང་གིས་ གནས་ཚུལ་མ་བྱིན་རུང་ ཉོགས་བཤད་བཀོད་ཚུགས་པའི་ དབང་ཚད་ཡོདཔ་ ཁག་ཆེ་རུང་ གཞུང་གིས་ བཅའ་ཁྲིམས་ཆ་འཇོག་གནང་ནི་ལུ་ ཤུགས་བཏོན་མི་བཏུབ་པས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཀྲིས་དབང་མོ་གིས་འབད་བ་ཅིན་ དམངས་གཙོའི་ལམ་ལུགས་ནང་ བརྡ་བརྒྱུད་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ དེ་ཡང་ སྲིད་བྱུས་དང་ཁྲིམས་བརྩམ་ནི་ལུ་ འབྲེལ་གཏོགས་འབད་བའི་སྐབས་ བརྡ་བརྒྱུད་ཀྱིས་ ཕན་ཐོགས་ཡོདཔ་ལས་ བརྡ་བརྒྱུད་དེ་ ལྷན་ཁག་དང་ གཞུང་གི་ལས་སྡེ་ ལྟ་རྟོག་འབད་མི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ དེ་ལས་ ལྟ་རྟོག་འབད་མི་ གཙུག་སྡེ་༤ ཡང་ ཨིན་ཟེར་ཨིན་པས།
དེ་འབདཝ་ད་ ཨམ་པེཀ་རྡོ་རྗེ་གིས་ སླབ་མིའི་ནང་ མི་ཚུ་གིས་ བརྡ་བརྒྱུད་ལྟ་རྟོག་འབད་མི་ ག་ཡང་མིན་འདུག་ཟེར་ མནོ་མི་ཡང་འདུག་ཟེར་ཨིནམ་ད་ བརྡ་བརྒྱུད་ལྟ་རྟོག་འབད་མི་དེ་ མི་མང་ཨིནམ་ལས་ བརྡ་བརྒྱུདཔ་ཚུ་གིས་ མི་སྡེ་ལུ་ཕན་པའི་ གནས་ཚུལ་ བྱིན་མི་ཚུ་ ལེགས་ཤོམ་སྦེ་དབྱེ་ཞིབ་འབད་དེ་ མ་བྱིན་པ་ཅིན་ ཉོགས་བཤད་བཀོད་ནིའི་འགན་དབང་དེ་ འབྲུག་མི་ཚུ་ལུ་ ཕོགཔ་ཨིན་ཟེར་ཨིན་པས།
དབྱངས་ཅན་ཕུག་འབྲིང་རིམ་གོང་མའི་སློབ་ཕྲུག་ ཆོས་སྐྱིད་རྒྱལ་མཚན་གྱིས་འབད་བ་ཅིན་ གནས་ཚུལ་ནང་ ཁྲོམ་ཁར་ཡོད་པའི་གནད་དོན་རྐྱངམ་གཅིག་མ་གཏོགས་ མཐའ་ཟུར་གྱི་ ས་གནས་ཚུ་གི་སྐོར་ལས་མེད་མི་ལུ་བལྟ་བ་ཅིན་ གནས་ཚུལ་བསྡུ་ལེན་པ་ཚུ་ སྒྱིད་ངན་ཅན་དང་ གནས་ཚུལ་གྱི་ཁྱབ་ཚད་ འདྲ་མཉམ་མེད་པའི་རྟགས་ཨིན་ཟེར་བཤད་ཅི།
དེའི་ལན་ལུ་ གནས་ཚུལ་མཁན་ཚུ་གིས་འབད་བ་ཅིན་ རྫོང་ཁག་མང་ཤོས་ཅིག་ནང་ གནས་ཚུལ་བསྡུ་ལེན་པ་ཚུ་ཡོདཔ་ལས་ ཁོང་གིས་ གནས་ཚུལ་ཚུ་ མ་ཆད་པར་གཏང་ནི་ཡོད་ཟེར་ཨིནམ་ད་ བརྡ་བརྒྱུདཔ་ལེ་ཤ་ཅིག་གིས་ གནས་ཚུལ་ཚུ་ ཐིམ་ཕུ་ལུ་ཡོད་པའི་སྐོར་ལས་ བྲིས་མི་དེ་ ལྷན་ཁག་དང་ ཡིག་ཚང་མང་ཤོས་ རྒྱལ་ས་ལུ་ ཡོདཔ་ལས་ སྲིད་བྱུས་དང་ ཁྲིམས་འབྲེལ་གྱི་གནད་དོན་མང་ཤོས་ཅིག་ རྒྱལ་ས་ལས་ཐོན་ནི་དེ་གི་ཨིན་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་ག་རའི་ནང་ གནས་ཚུལ་བསྡུ་ལེན་པ་རེ་ བཙུག་ནིའི་འཆར་གཞི་ཚུ་ཡང་ རྩམ་པའི་བསྒང་ཡོད་ཟེར་ བསམ་གཏན་དབང་ཕྱུག་གིས་བཤད་ཅི།
ཐིམ་ཕུ་མཐོ་རིམ་སློབ་གྲྭ་ལས་ སློབ་ཕྲུག་རིག་འཛིན་སྒྲོལ་མ་གིས་འབད་བ་ཅིན་ བརྡ་དོན་གྱི་དབང་ཆ་ཟེར་མི་དེ་ མི་མང་དང་ ཡང་ཅིན་ མི་གཅིག་ དེ་མིན་རྒྱལ་ཁམས་དང་འབྲེལ་བའི་དབང་ཚད་ ག་བཟུམ་ཅིག་ལུ་ སླབ་སྨོ་ཟེར་ དྲི་བའི་ལན་ལུ་ བརྡ་བརྒྱུད་མཁས་མཆོག་ཚུ་གིས་འབད་བ་ཅིན་ དེའི་སྐོར་ལས་ ཁ་གསལ་སྦེ་ བརྡ་དོན་རང་དབང་གི་ བཅའ་ཁྲིམས་དེ་ ཆ་འཇོག་གྲུབ་པའི་ཤུལ་ལས་རྐྱངམ་གཅིག་ ཧ་གོ་ཚུགས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སྤུས་ཚད་ཅན་གྱི་ བརྡ་དོན་གྱི་དབང་ཚད་ཟེར་མི་དེ་ གཞུང་གིས་ གྲོས་ཐག་བཅད་མི་ གནད་དོན་ཚུ་ག་ར་ མི་མང་གིས་ ལེགས་ཤོམ་སྦེ་ ཧ་གོ་དགོ་ཟེར་ཨིནམ་ད་ བཅའ་ཁྲིམས་དེ་ ཆ་འཇོག་འགྲུབ་ནི་ལུ་ བརྡ་བརྒྱུད་རྐྱངམ་གཅིག་གིས་མིན་པར་ འབྲུག་མི་ག་ར་གིས་ ཤུགས་བཏོན་དགོ་ཟེར་ཨིན་པའི་གནས་ཚུལ།


བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment