གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞག་དུས་བྱིན་མི་ལུ་ ཏའི་ཝཱན་གྱི་ བཟའ་ཚང་ལས་ ངོས་ལེན་མེདཔ།

༥/༥/༢༠༡༢

༉ ཐའི་ལེནཌ་གི་རྒྱལ་ས་ བེང་ཀོག་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ འབྲུག་མི་ཨམ་སྲུ་ཅིག་ལུ་ བརྡུང་རྫོབ་འབད་བའི་ ཁ་ཉེས་ཕོག་མི་ ཏའི་ཝཱན་གྱི་ བཟའ་ཚང་ལུ་ ཁ་ཙ་ཚུན་ ཞག་དུས་བྱིན་ཡོད་རུང་ ངོས་ལེན་འབད་མ་བཏུབ་ལས་ ཉམས་རྒུདཔ་ཨམ་སྲུ་དེ་ ད་རུང་ ཉིནམ་དག་པ་ཅིག་ ལུས་ནི་ཨིན་པས།


དེ་ཡང་ ཏའི་ཝཱན་གྱི་ བཟའ་ཚང་དེ་གིས་ བདེ་སྒྲིག་བཟོ་བར་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ འོང་མ་བཏུབ་ཟེར་ འགོ་དཔོན་ཅིག་གིས་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
གཞུང་ཚབ་ལས་ཁང་གིས་ བར་ན་མི་བཙུགས་ཏེ་ ཨཔ་ཨཱན་ཌེ་དང་ ཨམ་ཇོའི་ན་བཟའ་ཚང་ལུ་ ཉམས་རྒུད་པའི་ ཕྱི་མི་སྐྱོད་ཐམ་གྱི་ དུས་རྫོགས་ཉེས་ཆད་ ཐའི་ལེནཌ་གི་ཏི་རུ་ བཱཊ་༢༠,༠༠༠ དང་ འབྲུག་ལུ་འོང་ནིའི་ གནམ་གྲུའི་གླ་ཆ་དེ་ ཁ་ཙ་ རེས་གཟའ་སྤེན་པ་ལུ་ སྤྲོད་དགོ་པའི་ དུས་ཚོད་བྱིན་ཡོདཔ་ཨིན་པས།
ཧཱ་རྫོང་ཁག་ལས་ཨིན་མི་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ བློའོ་གི་གྲུབ་འབྲས་ཅིག་ ག་ནི་ཡང་ བྱུང་མ་ཚུགསཔ་ལས་ གཞུང་ཚབ་ལས་ཁང་ནང་ དེ་སྦེ་ར་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ གཞུང་ཚབ་ལས་ཁང་གིས་ ག་འབད་མི་དེ་ ང་ལུ་ མ་བཏུབ་མེད་ཟེར་ སླབ་སྟེ་ཡོད་ཟེར་ཨིན་པས།
ཉམས་རྒུདཔ་དེ་ མོ་ལཱ་འབད་སར་ ཏའི་ཝཱན་གྱི་ བཟའ་ཚང་གིས་ བརྡུང་རྫོབ་འབད་བའི་སྐོར་ སྤྱི་ཟླ་༤ པའི་ཚེས་༩ ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ སྙན་ཞུ་འབད་ཞིནམ་ལས་ཚུར་ གཞུང་ཚབ་ལས་ཁང་གི་ བཟའ་ཚང་ཚུ་དང་གཅིག་ཁར་ སྡོདཔ་ཨིན་པས།
བདེ་སྒྲིག་བཟོ་ནིའི་ནང་ མཉམ་འབྲེལ་འབད་མི་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་གྱིས་འབད་བ་ཅིན་ ཁ་ཙ་ བདེ་སྒྲིག་བཟོ་ཚུགས་པའི་ རེ་བ་བསྐྱེད་ཡོད་རུང་ ངོས་ལེན་འབད་མ་བཏུབ་ལས་ ཉིནམ་༣ གྱི་རིང་ ག་ནི་ཡང་ འབད་ཐབས་མི་འབྱུང་ནི་མས་ཟེར་ཨིནམ་ད་ དེ་ཡང་ ད་རིས་དང་ ནངས་པ་བདུན་མཐའི་ ངལ་གསོ་ཨིན་པའི་ཁར་ རེས་གཟའ་མིག་དམར་དེ་ ཐའི་ལེནཌ་གི་
ངལ་གསོ་འབད་བ་ལུ་བརྟེན་ཨིན་པས།
བཟའ་ཚང་དེ་གིས་ ཞག་དུས་ལུ་ ངོས་ལེན་འབད་མ་བཏུབ་ལས་ ཁྲིམས་ཀྱི་བྱ་སྒོའི་རིམ་པ་དང་འཁྲིལ་ འབད་དགོཔ་འོང་ཟེར་ འགོ་དཔོན་དེ་གིས་ བཤདཔ་མ་ཚད་ མཐའན་མཇུག་ལུ་ འབྲུག་ལས་ བེང་ཀོག་ལུ་ ལཱ་འབད་བར་བཏང་མི་ མཁན་པོ་བསོད་ནམས་དེ་ལུ་ཡང་ ཉེས་འཛུགས་འབད་དགོཔ་འོང་ཟེར་ སླབ་ཨིན་པས།
ཨིན་རུང་ གཞུང་ཚབ་ལས་ཁང་གིས་ མཁན་པོ་བསོད་ནམས་ལུ་ཡང་ ཏའི་ཝཱན་གྱི་ བཟའ་ཚང་ལུ་ བདེ་སྒྲིག་བཟོ་དགོཔ་སྦེ་ སླབ་དགོ་པའི་ ཨུ་ཚུགས་བསྐྱེད་བཞིན་དུ་ཡོད་ཟེར་ སླབ་ཨིན་པས།
སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ལུ་ བཟའ་ཚང་དེ་གིས་ ཟླ་ངོ་ཕྱེད་དང་༡༡ གི་ དངུལ་ཕོགས་མ་སྤྲོད་པར་ཡོདཔ་ད་ དངུལ་ཕོགས་ཡང་ ཟླཝ་རེ་ལུ་ ཡུ་ཨེསི་ཌོ་ལར་༢༠༠ རེ་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་ སྤྱི་ལོ་༢༠༡༠ ཟླཝ་༡༠ པའི་ཚེས་༡༩ ལུ་ མཁན་པོ་བསོད་ནམས་ཀྱིས་ བེང་ཀོག་གི་ས་གནས་ ར་ཅཱད་པི་སེག་ལུ་སྡོད་མི་ ཏའི་ཝཱན་གྱི་ བཟའ་ཚང་གི་ཁྱིམ་ནང་ གཡོག་ལཱ་འབད་བར་ བཏང་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༨ ཀྱི་དྲོ་པའི་ཆུ་ཚོད་༥ ལུ་ མོ་དང་ འབྲུག་མི་ཆ་རོགས་ཨམ་སྲུ་གཞན་༢ ཁྱིམ་ནང་ དུས་རྒྱུན་གྱི་ ལཱ་འབད་ནི་ འགོ་བཙུགསཔ་ད་ བཟའ་ཚང་དེ་གིས་ ཐབ་ཚང་ཧིང་སངས་ས་སྦེ་ མ་འཕྱག་པས་ཟེར་ ཉོགས་བཤད་བརྡུང་སྟེ་ མོ་ལུ་ ལྡན་ལྕག་གིས་ དྲང་ཡོདཔ་མ་ཚད་ སྦྱིན་བདག་ཨཔ་དེ་གིས་ཡང་ གྱིབ་དམ་ཆུང་ཀུ་ཅིག་འཐུ་སྟེ་ མོ་གི་ མིག་ཏོ་གུ་ བླུགས་བྱིན་ནི་དེ་གིས་ ཉམས་རྒུདཔ་དེ་ བྱོག་སོང་སྟེ་ ཆ་རོགས་འབད་སར་ སྡོད་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ བཟའ་ཚང་གཉིས་ཀྱིས་ མོ་ལུ་ ཧེ་མར་ཡང་ བརྡུང་རྫོབ་ལན་ཐེངས་ལེ་ཤ་འབད་ཡི་ཟེར་ ཉོགས་བཤད་བཀོདཔ་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།

No comments:

Post a Comment