གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་ ཆ་འཇོག་གྲུབ་ཡོདཔ།

༦/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་ འཐུས་མི་༤༢ ཡོད་ས་ལས་༤༠ གིས་ ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཡོད་མི་དང་འཁྲིལ་ དཔྱད་ཡིག་དེ་ ནང་འཁོད་རྩུབ་སྤྱོད་བཅའ་ཁྲིམས་སྦེ་ ཆ་འཇོག་གྲུབ་གནང་ཡི།
ཚོགས་རྒྱན་གྱི་སྐབས་ལུ་ འཐུས་མི་ཅིག་གིས་ མི་དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཡོདཔ་དང་ གཞན་མི་ཅིག་གིས་ ཚོགས་རྒྱན་མ་བཙུགས་ནི་ལས་ ཟུར་སྡོད་ཡོདཔ་ཨིན།


རྒྱལ་ཡོངས་ཚོགས་འདུ་ནང་ གནད་དོན་གཞན་ཚུ་གི་སྐོར་ལས་ གསུང་གྲོས་གནངམ་ད་ ཕྱི་ཁར་ལས་ བཅའ་མར་གཏོགས་མི་ མི་འོང་དོ་ཡོདཔ་ཨིན་རུང་ ཁ་ཙ་ གཞུང་མིན་ལས་ཚོགས་ཀྱི་ ལས་བྱེདཔ་ཚུ་གིས་གཙོས་པའི་ ཨ་ལུ་དང་ ཨམ་སྲུ་ ལེ་ཤ་ཅིག་གིས་ བཅའ་མར་གཏོགས་ཡི།
གྲོས་བསྡུར་གྱི་སྐབས་ འཐུས་མི་ཚུ་གིས་ མ་གཞི་ཁོང་ལས་ དཔྱད་ཡིག་དེ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་སྦེ་ ཡོད་དེ་འབད་རུང་ ཉེན་སྲུང་འགོ་དཔོན་ བསྐོ་བཞག་འབད་ནི་ཟེར་མི་ལུ་ རྒྱབ་སྐྱོར་འབད་མ་ཚུགསཔ་ད་ དེ་ཡང་ ཉེན་སྲུང་འགོ་དཔོན་ཟེར་ ལོགས་སུ་སྦེ་ བསྐོ་བཞག་འབད་མི་དེ་གིས་ གཞུང་ལུ་ཟད་འགྲོ་ཐེབས་ གནས་ནི་ཨིནམ་མ་ཚད་ ད་ལྟོ་ཚུན་ལུ་ཡང་ དེ་ཟུམ་མའི་འགན་ཁུར་ཚུ་ ཁྲིམས་སྲུང་འགག་སྡེ་གིས་ར་ འབག་སྟེ་ཡོདཔ་ལས་ དེ་སྦེ་ར་བཞག་རུང་ མ་ཐུསཔ་མིན་འདུག་ཟེར་ཞུ་ཡི།
དེ་འབདཝ་ད་ མགར་ས་གི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ ཉེན་སྲུང་འགོ་དཔོན་ བསྐོ་བཞག་འབད་བ་ཅིན་ དེ་གིས་ ཁྲིམས་སྲུང་འགག་པའི་ལཱ་ མར་ཕབ་འབད་ནི་གིས་མ་ཚད་ ཉམས་རྒུདཔ་ཚུ་གི་ དཀལ་ངལ་བསེལ་ཐབས་ལུ་ཡང་ ཕན་ཐོགས་འོང་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཉེན་སྲུང་འགོ་དཔོན་ བསྐོ་བཞག་དང་འབྲེལ་བའི་ ཟད་འགྲོ་གི་ཐད་ཁར་ལྟོདཔ་ད་ ལྷན་རྒྱས་གཞུང་ཚོགས་ནང་ཡང་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།
ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ས་གནས་གཞུང་གི་བཅའ་ཁྲིམས་དང་འཁྲིལ་རུང་ ས་གནས་ནང་ ཨམ་སྲུ་དང་ ཨ་ལུ་ དེ་ལས་ དབང་པོ་སྐྱོན་ཅན་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་དེ་ ཁོང་གི་འགན་ཁུར་ཨིནམ་སྦེ་ བཀོད་དེ་ཡོདཔ་བཞིན་དུ་ ཉེན་སྲུང་འགོ་དཔོན་གྱི་འགན་ཁུར་དེ་ ས་གནས་གཞུང་གིས་ར་ འབག་དགོ་ཟེར་གསུངས་རུང་ ཚོགས་དམངས་ཀྱིས་ ཉེན་སྲུང་འགོ་དཔོན་ བསྐོ་བཞག་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན།
ཨིན་རུང་ ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་གི་དོན་ལུ་ ཁྲིམས་ཁང་ཡང་ ལོགས་སུ་སྦེ་ གཞི་བཙུགས་འབད་དགོ་པའི་ དོན་ཚད་དེ་ འཐུས་མི་ཚུ་གིས་ ཕྱིར་དབྱུང་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།



No comments:

Post a Comment