གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཁང་གི་ ཚོང་ལས་ཞབས་ཏོག་ མཚམས་འཇོག་འབད་དགོ་པའི་གྲོས་འཆར།

༡༣/༧/༢༠༡༢   ༉ གཞུང་གིས་ འཕྲལ་ཁམས་ཅིག་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་གི་ཞབས་ཏོག་དེ་མཚམས་འཇོག་འབད་དགོ་པའི་ གྲོས་འཆར་ཐོག་ གསུང་གྲོས་གནང་ཡོདཔ་བཞིན་དུ་ དངུལ་ཁང་དེ་ལུ་ གཞུང་གྱིས་ མ་དངུལ་ལྷན་ཐབས་ཐོག་ལས་ གྲོགས་རམ་ཡང་ འབད་ཐབས་མེད་པའི་ གསལ་སྟོན་འབད་ཡོདཔ་ཨིན་པས།


དངུལ་ཁང་དེ་གི་ འགན་འཁྲི་དེ་ མི་སྡེའི་ཞབས་ཏོག་འགྲུབ་ནི་ལུ་ གཙོ་བོར་བཏོན་ཐོག་ལས་ གྲོང་གསེབ་སྐྱིན་འགྲུལ་ལས་རིམ་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིནམ་ད་ དེ་དང་འབྲེལ་བའི་ མཐའ་བཅད་ཀྱི་ བཀའ་རྒྱ་བཏོན་པ་ཅིན་ མི་ཡང་ འབྲུག་གོང་འཕེལ་དངུལ་ཁང་ལས་ གྲོང་གསེབ་དངུལ་ཁང་ལུ་ གནས་སོར་གཏང་དགོ་ནི་ཨིན་པས།
དེ་འབདཝ་ད་ འབྲུག་གོང་འཕེལ་དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་ཞབས་ཏོག་དེ་ མེདཔ་བཟོ་དགོ་པ་ཅིན་ དངུལ་ཁང་དེ་ གྱོང་རྒུད་ཐོག་ ལག་ལེན་འཐབ་དགོ་པའི་ གནས་སྟངས་ཨིནམ་ད་ དེ་མིན་གཞུང་ལས་ མ་དངུལ་གྱི་ ལྷན་ཐབས་གྲོགས་རམ་ཅིག་མེད་པར་ དངུལ་ཁང་གི་ ཡུན་བརྟན་དང་འབྲེལ་བའི་ དཀའ་ངལ་གྱི་ཉེན་ཁ་ཡོད་ཟེར་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་ཞབས་ཏོག་ བཤོལ་བཞག་ཐོག་ལས་ གྲོང་གསེབ་སྐྱིན་འགྲུལ་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་པ་ཅིན་ དངུལ་ཁང་གི་ རྒྱུན་སྐྱོང་ཡུན་བརྟན་བཞག་ཐབས་ལུ་ གཞུང་གིས་ ལོ་རེའི་ནང་ དངུལ་ཀྲམ་དུང་ཕྱུར་༤ དང་༥ དེ་ཅིག་ དངུལ་ཁང་ལུ་ མ་དངུལ་གྱི་ ལྷན་ཐབས་རོགས་རམ་འབད་དགོཔ་ འཐོན་འོང་ཟེར་ཨིན་པས།
དེ་མ་ཚད་ འགོ་དཔོན་གཞན་མི་ཅིག་གིས་ སླབ་མིའི་ནང་ དངུལ་ཁང་གཞན་མི་ཚུ་གིས་ འབྲུག་གོང་འཕེལ་དངུལ་ཁང་དེ་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་གི་ ཞབས་ཏོག་ནང་ལས་ ཕྱིར་དབྱུང་འབད་ཚུགས་པའི་རེ་བ་བསྐྱེདཔ་བཞིན་དུ་ གཞུང་གིས་ཡང་ དེ་གི་རྒྱབ་སྐྱོར་ལུ་འབད་དོ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
དངུལ་ཁང་དེ་གིས་ གྲོང་གསེབ་སྐྱིན་འགྲུལ་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་དགོ་པ་ཅིན་ གཞུང་ལས་ མ་དངུལ་གྱི་ རྒྱབ་སྐྱོར་དགོཔ་སྦེ་བཀོདཔ་ཨིན་རུང་ གཞུང་གིས་ དེ་ལུ་ངོས་ལེན་འབད་ནིའི་ འོས་འབབ་མེད་ཟེར་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ ཆེ་རིམ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ དངུལ་ཁང་དེ་ལུ་ ལྷན་ཐབས་འབད་ནིའི་ མ་དངུལ་མེདཔ་ཨིན་ཟེར་ཨིནམ་ད་ གཞུང་གི་ དངུལ་འབྲེལ་གནས་སྟངས་དེ་ འོང་འབབ་ལས་ ཟད་འགྲོ་མཐོ་བའི་ཁྱད་པར་ཐོག་ གནས་ཡོདཔ་ལས་ ལྷན་ཐབས་མ་དངུལ་ ག་ཏེ་ལས་ འབག་འོང་ནི་ཟེར་ཨིན་པས།
ཨིན་རུང་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ དངུལ་ཁང་དེ་གི་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་གི་ཞབས་ཏོག་ བཤོལ་བཞག་ཐོག་ གྲོང་གསེབ་སྐྱིན་འགྲུལ་རྐྱངམ་གཅིག་འབད་དགོ་པའི་ གནད་དོན་ཐོག་ལས་ དུམ་གྲ་ཅིག་ བསྒྱུར་བཅོས་ཐོག་སླབ་མིའི་ནང་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་གི་ཞབས་ཏོག་ རྩ་བ་ལས་ བཤོལ་བཞག་འབད་དགོཔ་མེན་པར་ གྲོང་གསེབ་སྐྱིན་འགྲུལ་ལུ་ གཙོ་བོར་བཏོན་ཏེ་ འབད་དགོཔ་སྦེ་ཨིན་ཟེར་ཨིནམ་ད་ དེ་ཡང་ དངུལ་ཁང་གི་ ཚོང་ལས་དང་འབྲེལ་བའི་ཞབས་ཏོག་དེ་ བཤོལ་བཞག་མ་འབད་བར་ བཞག་དགོཔ་ཨིན་རུང་ གྲོང་གསེབ་སྐྱིན་འགྲུལ་ཞབས་ཏོག་ ཡར་སེང་གཏང་ཐབས་ཚུ་ཡང་ གོ་སྐབས་དང་འོས་འབབ་དབྱེ་ཞིབ་ཐོག་ ཡར་སེང་འབད་དགོཔ་ ཡོད་ཟེར་ཨིན་པས།
དངུལ་ཁང་དེ་གི་ གྲོང་གསེབ་སྐྱིན་འགྲུལ་ལུ་བརྟེན་པའི་ གྱོང་རྒུད་ཕོག་མི་ཚུ་ ཚོང་ལས་དང་འབྲེལ་བའི་ དངུལ་འབྲེལ་ཞབས་ཏོག་གིས་ བསུབ་ཚུགས་དོ་ཡོདཔ་ད་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་གི་ཞབས་ཏོག་དེ་ དངུལ་ཁང་དེ་གི་ ཡུན་བརྟན་གྱི་དོན་ལུ་ སྲོག་བཟུམ་ཅིག་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ དངུལ་ཁང་དེ་གིས་ དངུལ་རྩིས་ལྷན་ཁག་ལུ་ དངུལ་ཁང་གི་ ཚོང་ལས་དང་འབྲེལ་བའི་དངུལ་ཁང་ཞབས་ཏོག་དེ་ འཕྲོ་མཐུད་དེ་ར་ བཞག་དགོ་པའི་གྲོས་འཆར་ རྒྱུ་མཚན་དང་བཅསཔ་སྦེ་བཀོད་དེ་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ཕུལ་ཡོདཔ་ད་ དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་ཡང་ དངུལ་ཁང་དེ་གི་ གྲོང་གསེབ་སྐྱིན་འགྲུལ་ཞབས་ཏོག་དེ་ གྲོང་གསེབ་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ར་ ཡོདཔ་ཨིན་ཟེར་ཨིན་པས།
དངུལ་ཁང་དེ་ནང་ གྲོང་གསེབ་སྐྱིན་འགྲུལ་དང་འབྲེལ་བའི་ ཚོང་མགྲོན་པ་༢༦,༥༠༠ ཡོད་མི་དང་ཕྱདཔ་ད་ ཚོང་ལས་དང་འབྲེལ་བའི་དངུལ་ཁང་ཞབས་ཏོག་གི་ ཚོང་མགྲོན་པ་༢,༥༠༠ ལས་ ལྷགཔ་མེད་ཟེར་ཨིན་པས།
དེ་འབདཝ་ད་ ཚོང་ལས་དང་འབྲེལ་བའི་ དངུལ་ཁང་གི་ ཞབས་ཏོག་ལས་ འོང་འབབ་ནང་ དངུལ་ཀྲམ་ས་ཡ་༡༢༩ ཡོད་མི་དང་ཕྱདཔ་ད་ གྲོང་གསེབ་སྐྱིན་འགྲུལ་ཞབས་ཏོག་ལས་ འོང་འབབ་ནང་ དངུལ་ཀྲམ་ས་ཡ་༧༦ ལས་ ལྷགཔ་མེད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment