གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐའི་ལེནཌི་ལུ་ འབྲུག་མི་ཅིག་གིས་ རིག་གཞུང་གཟེངས་བསྟོད་རྟགས་མ་ཐོབ་ཡོདཔ།

༡༣/༧/༢༠༡༢   ༉ འབྲུག་གི་དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་ཏེ་ ཐའི་ལེནཌི་ལུ་ མཐོ་རིམ་ཤེས་ཡོན་གྱི་ སློབ་སྦྱོང་འབད་བར་འགྱོ་མི་ཞི་གཡོགཔ་ ཉི་མ་ནོར་བུ་གིས་ མེའོ་ཇོ་གཙུག་ལག་སློབ་སྡེ་ནང་ལས་ སྤྱི་ལོ་༢༠༡༡ དང་༢༠༡༢ ལོའི་ རིག་གཞུང་གཟེངས་བསྟོད་ཀྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།

ཉི་མ་ནོར་བུ་གིས་ མེའོ་ཇོ་གཙུག་ལག་སློབ་སྡེའི་ གཙོ་འཛིན་ལས་ རིག་གཞུང་གཟེངས་བསྟོད་ཀྱི་ རྟགས་མ་ལེན་པའི་བསྒང་།

ཁོ་གིས་ སྤྱི་ལོ་༢༠༠༤ ལུ་ སྤུ་ན་ཁ་ ལོད་སྦིས་ས་ལུ་ རང་བཞིན་ཐོན་སྐྱེད་སྤེལ་ཁང་ནང་ལས་ སྒོ་ནོར་གྱི་སློབ་སྦྱོང་ ཌིབ་ལོ་མ་མཐར་འཁྱོལ་ཞིནམ་ལས་ ལོ་༧ དེ་ཅིག་གི་རིང་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སྒོ་ནོར་ལས་ཁུངས་ནང་ སྒོ་ནོར་འགོ་དཔོན་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ འབྲུག་གི་དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་ཞིནམ་ལས་ ཐའི་ལེནཌི་ལུ་སྦེ་ སྒོ་ནོར་གྱི་ རིག་གཞུང་ནང་ མཐོ་རིམ་ཤེས་ཡོན་གྱི་ སློབ་སྦྱོང་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ མེའོ་ཇོ་གཙུག་ལག་སློབ་སྡེ་ནང་ སེམས་ཅན་རིག་པ་དང་ སྒོ་ནོར་ཐོན་སྐྱེད་གོང་འཕེལ་རིག་པའི་ནང་ གཙོ་བོར་བཏོན་པའི་ ཤེས་ཡོན་ནང་ སློབ་སྦྱོང་འབད་དོ་ཡོདཔ་ཨིན་པས།
འབྲུག་མི་ཚུ་གིས་ རང་སོའི་ ཤེས་ཡོན་གོང་འཕེལ་གྱི་དོན་ལུ་ རང་གིས་ ཟད་འགྲོ་བཏང་ཐོག་ལས་ ཤེས་ཡོན་རྒྱ་བསྐྱེད་འབད་ནི་ལུ་བརྩོན་མི་ ཉུང་བའི་ཁར་ མང་ཤོས་ཀྱིས་ གཙུག་ལག་ཤེས་ཡོན་གྱི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་དེ་ར་ འཚོལ་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་སྦེ་མེན་པར་ རང་གིས་ ཟད་འགྲོའི་ཐབས་ཤེས་བཏོན་ཏེ་ ཤེས་ཡོན་གོང་འཕེལ་གཏང་དགོཔ་དེ་ཡང་ རང་སོའི་ མི་ཚེའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ མ་རྩ་བཙུགས་དོ་བཟུམ་ཅིག་ཨིནམ་ ཤེས་དགོཔ་འདུག་ཟེར་ཨིནམ་ད་ ནོར་བུ་བཟུམ་སྦེ་ གཞན་གིས་ཡང་ མ་དངུལ་གྱི་ རྒྱབ་སྐྱོར་འཐོབ་ནི་ལུ་ སྒུག་མ་སྡོད་པར་ རང་གིས་ ཐབས་ལམ་བཏོན་དགོཔ་དེ་ མི་མང་ལུ་ དྲན་ཚོར་ཅིག་ཨིན་མས་ཟེར་ ལས་འཛིན་ཅིག་ནང་ ལཱ་འབད་མི་ ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།
ཕུན་ཚོགས་ཀྱིས་འབད་བ་ཅིན་ ལོ་ངོ་དག་པ་ཅིག་ ལཱ་གཡོག་ནང་སྡོད་ཞིནམ་ལས་ ཉམས་མྱོང་ཐོབ་མི་ལུ་བརྟེན་ ཤེས་ཡོན་གོང་འཕེལ་གཏང་ནིའི་ནང་ ལྷན་ཐབས་སྦོམ་འབད་ནི་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཉི་མ་ནོར་བུ་གིས་ ལོ་༧ གྱི་རིང་ ཆུ་ཁ་རྫོང་ཁག་གི་ གྲོང་གསེབ་ས་གནས་ ལོག་ཅི་ན་དང་ གདུང་ནག་ དེ་ལས་ དར་ལ་ལུ་ སྒོ་ནོར་རྒྱ་བསྐྱེད་འགོ་དཔོན་སྦེ་ སྡོད་ཡོདཔ་ད་ ད་རེས་ ཉམས་མྱོང་ཐོབ་མི་དེ་གིས་ སློབ་སྦྱོང་ནང་ ལྷན་ཐབས་འབད་བའི་ཁར་ ལྷག་པར་དུ་ ཆོས་ཚན་དེ་དང་འབྲེལ་བའི་ བློ་རིག་གི་ཤེས་ཡོན་འཐོབ་ནི་ཨིནམ་ལས་ འབྲུག་མི་ཚུ་གིས་ ཁོ་བཟུམ་སྦེ་ ཤེས་ཡོན་རྒྱ་བསྐྱེད་གཏང་ནིའི་ནང་ བརྩོན་ཤུགས་བསྐྱེད་དགོཔ་འདུག་ཟེར་ཨིན་པས།
ཉི་མ་ནོར་བུ་གིས་ ཡོངས་འབྲེལ་ཐོག་ལས་ སླབ་མིའི་ནང་ ཁོ་གིས་ ཤེས་ཡོན་རྒྱ་བསྐྱེད་འབད་ནི་ལུ་ བརྩོན་མི་དེ་ གཙོ་བོ་ར་ ཞི་གཡོག་ལྷན་ཚོགས་ཀྱི་ གོ་གནས་ཡར་སེང་ལམ་ལུགས་དང་འཁྲིལཝ་ད་ ཤེས་ཡོན་རྒྱ་བསྐྱེད་འབད་དགོཔ་དེ་ ཁག་ཆེཝ་སྦེ་ ཐོན་ནི་དེ་གིས་ ཨིན་ཟེར་ཨིན་པས།
གཙུག་ལག་སློབ་སྡེ་དེ་ནང་ ཨེ་ཤི་ཡ་ལུང་ཕྱོགས་ནང་ལས་ ཇ་པཱན་དང་ ནེ་པཱལ་ བེཊ་ནཱམ་ ཕི་ལི་པིནསི་ ཨིན་ཌོ་ནེ་ཤི་ཡ་ དེ་ལས་ ཏའི་ཝཱན་རྒྱལ་ཁབ་ཚུ་ནང་ལས་ སློབ་སྦྱོང་འབད་མི་ སློབ་ཕྲུག་ཚུ་ཡོད་པའི་གྲས་ལས་ ཁོ་གིས་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ སློབ་ཡུན་ནང་ རིག་གཞུང་གཟེངས་བསྟོད་རྟགས་མ་ ཐོབ་ཡོདཔ་ཨིན་པས།
གཙུག་ལག་སློབ་སྡེ་དེ་ནང་ འབྲུག་པའི་སློབ་ཕྲུག་༦ དེ་ཅིག་ཡོདཔ་ད་ ཁོ་ལུ་ གཟེངས་བསྟོད་རྟགས་མ་དེ་ གཙུག་ལག་སློབ་སྡེའི་ གཙོ་འཛིན་གྱིས་ འདས་པའི་ཟླ་མཇུག་ལུ་ ཐའི་ལེནཌི་ལུ་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་དང་འབྲེལ་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment