གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་༡༤ དང་གཅིག་ཁར་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་ཡོདཔ།

༡༠/༧/༢༠༡༢། ༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁབ་ཀྱི་ གནས་སྟངས་སྙན་ཞུ་ཕུལ་བའི་སྐབས་ སྤྱི་ལོ་༢༠༡༡ རྫོགས་ཁམས་ལས་ དུས་ཅི་ སྤྱི་ཟླ་༣ པ་ཚུན་གྱི་བར་ན་ རྒྱལ་ཁབ་༡༤ དང་གཅིག་ཁར་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་ཡི་ཟེར་ཞུ་ཡི།
དེ་ཡང་ ཀོའུ་བ་དང་ མོ་རོ་ཀོ་ ལག་ཟམ་བཱག་ ཅེག་རི་པཱབ་ལིག་ སར་བི་ཡ་ ཨིན༌ཌོ་ནེ་ཤི་ཡ་ ཕི་ཇི་ མོང་གོ་ལི་ཡ་ བེཊ་ནཱམ་ མི་ཡཱན་མར་ ཨར་ཇེན་ཊི་ན་ ཀཱོསི་ཊ་རི་ཀ་ དེ་ལས་ ཨཱན་དོ་ར་མའུ་རི་ཤིས་ཚུ་ཨིན་པས།
དེ་བཟུམ་སྦེ་ ཡུ་རོབ་དང་ བྱང་ཨ་མེ་རི་ཀ་ ཨིསི་པེན་ ཨཱསི་ཊི་ཡ་ ཇར་མ་ནི་ ཀེ་ན་ཌ་ ཡུ་ཨེསི་ ཨཱསི་ཊེ་ལི་ཡ་ཚུ་ནང་ དོན་གཅོད་སྐུ་ཚབ་༦ བསྐོ་བཞག་འབད་ཡོདཔ་མ་ཚད་ ཡུ་རོབ་རྒྱལ་ཁབ་༢ དང་ བང་ལ་དེཤ་གིས་ འབྲུག་མི་ཚུ་ འབྲུག་ལུ་ ཁོང་གི་དོན་གཅོད་སྐུ་ཚབ་སྦེ་ བསྐོ་བཞག་འབད་ཡི་ཟེར་ བློན་ཆེན་མཆོག་གིས་ཞུ་ཡི།
དེ་བཟུམ་སྦེ་ རྒྱལ་ཁབ་གཞན་དང་ མཐུན་འབྲེལ་ཡར་དྲག་གཏང་ནིའི་དོན་ལུ་ ཕྱི་འབྲེལ་ལྷན་ཁག་གིས་ འབྲུག་མཁའ་འགྲུལ་ལས་འཛིན་དང་ འབྲུག་ལྟ་བཤལ་ཚོགས་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་དང་པ་ སྤྱི་ལོ་༢༠༡༢ ཟླ་༥ པ་དང་༦ པ་ལུ་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ གཞི་བཙུགས་འབད་དེ་ཡོད་མི་ སྐུ་ཚབ་ཚུ་གི་དོན་ལུ་ ཉིནམ་༣ རེའི་ ལྟ་སྐོར་ལས་རིམ་ འགོ་བཙུགས་ཡི་ཟེར་ཞུ་ཡི།
ལས་རིམ་དེ་ཡང་ ལྟ་སྐོར་ནང་འོང་མི་ མགྱོནམ་ཚུ་གིས་ རྒྱལ་ཁབ་ཀྱི་སྐོར་ལས་ གཞི་རྟེན་གནས་ཚུལ་ཚུ་ ཧ་གོ་ཞིནམ་ལས་ མཐུན་འབྲེལ་དང་ མཉམ་འབྲེལ་གཞི་འགྱམ་ བཙུགས་ཚུགས་ནིའི་དོན་ལུ་ གཞུང་འབྲེལ་གྱི་ ལས་རིམ་ཚུ་ བཟོཝ་ཨིན་ཟེར་ བློན་ཆེན་མཆོག་གིས་ཞུ་ཡི།
ལྟ་སྐོར་ལས་རིམ་ཚུ་ལུ་བརྟེན་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱིའི་གནས་རིམ་ནང་ མིང་གཏམ་ཡར་དྲག་འགྱོ་ནི་དང་ ཟུང་ཕྱོགས་མཐུན་འབྲེལ་གོང་འཕེལ་གཏང་ནི་ དེ་ལས་ ལྟ་བཤལ་གྱི་ ས་གནས་ཅིག་ཨིན་མི་ རྒྱལ་ཁབ་ནང་ ལྟ་བཤལ་གོང་འཕེལ་དང་ དཔལ་འབྱོར་གྱི་ མ་རྩ་བཙུགས་ནི་ལུ་ འོས་འབབ་ཡོད་པའི་ ས་གནས་ཅིག་སྦེ་ གསལ་སྟོན་འབད་ནི་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ ཐེངས་༦༧ པའི་ནང་ བཙག་འཐུ་འབད་ནི་ཨིན་མི་ སྤྱི་ལོ་༢༠༡༣ དང་༢༠༡༤ གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་སྲུང་སྐྱོབ་ཚོགས་སྡེ་ནང་ གཏན་འཇགས་མིན་པའི་ སྡོད་ཁྲི་དོན་ལུ་ གདམ་ངོ་སྦེ་ ཐོན་ཏེ་ཡོད་ཟེར་ཞུ་ཡི།
དེ་ཡང་ ཨེ་ཤི་ཡའི་ ལུང་ཕྱོགས་དོན་ལུ་ ས་སྟོང་ཕུད་རྡོག་གཅིག་ལས་མེདཔ་ད་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཅིག་ཨིནམ་ལས་ མཐུན་རྐྱེན་ཚད་ཅིག་ལས་བརྒལ་མེད་ནི་དེ་གིས་ དེ་ནང་ རྒྱལ་ཁབ་༣ གྱིས་ དོ་འགྲན་འབདཝ་ད་ ལཱ་ཁག་དང་ དོ་འགྲན་སྦོམ་སྦེ་ར་ འབྱུང་ནི་ཨིན་རུང་ གྲུབ་འབྲས་རྐྱངམ་གཅིག་གི་དོན་ལུ་ མ་ལྟ་བར་ ཁེ་ཕན་དང་ ཕན་ཐབས་ལེ་ཤ་ཅིག་ར་ སེམས་ཁར་བཞག་སྟེ་ཨིན་ཟེར་ བློན་ཆེན་མཆོག་གིས་ཞུ་ཡི།
བློན་ཆེན་མཆོག་གིས་ འདས་པའི་ལོ་གཅིག་གི་རིང་ རྒྱལ་ཁབ་ནང་ ཧེ་མ་ མ་འཚོགས་པའི་ སཱག་ལུང་ཕྱོགས་ཞལ་འཛོམས་ཁག་༥ དང་ རྒྱལ་སྤྱིའི་ཞལ་འཛོམས་ཐེངས་༧ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཚུའི་སྐབས་ མཐུན་ལམ་དང་ ཡོན་ཏན་བརྗེ་སོར་གྱི་ཐོག་ལས་ ཕན་རླབས་སྦོམ་སྦེ་ར་ བྱུང་ཡི་ཟེར་ ཞུ་ཡོད་པའི་གནས་ཚུལ།
 
ཚེ་རིང་རྣམ་རྒྱལ།

 


No comments:

Post a Comment