གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞི་གཡོག་སྔོན་འགྲོའི་ཆོས་རྒྱུགས་ཀྱི་ ཁ་གསོའི་སློབ་སྦྱོང་བྱིན་ཡོདཔ།

༡༠/༧/༢༠༡༢། ༉ སྤྱིར་བཏང་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་གི་དོན་ལུ་ རྫོང་ཁ་སྐད་ཡིག་དར་ཁྱབ་གཏང་ནི་དང་ ལམ་སྲོལ་བདག་འཛིན་འཐབ་ནིའི་དོན་ལུ་ སྒེར་སྡེ་གི་ཁ་ཐུག་ལས་ རྫོང་ཁ་སློབ་སྦྱོང་ལྟེ་བ་འགོ་འབྱེད་འབདཝ་དང་འབྲེལ་ མཐོ་རིམ་མཐར་འཁྱོལ་མི་༡༠༡ ལུ་ ཞི་གཡོག་སྔོན་འགྲོའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁ་གསོ་སློབ་སྦྱོང་ཐེངས་དང་པ་མཇུག་བསྡུ་བའི་ལག་ཁྱེར་ཚུ་ བྱིན་ཡོདཔ་ཨིན་པས།

དེ་ཡང་ འབྲུག་པའི་སློབ་ཕྲུག་བུཚ་དང་བུམོ་ སློབ་རིམ་༡༢ པ་ལས་མཐར་འཁྱོལ་ཏེ་ ཕྱི་རྒྱལ་ལུ་ མཐོ་རིམ་ཤེས་ཡོན་སྦྱང་ནི་ སློབ་གཉེར་གྲོགས་རམ་གྱི་གོ་སྐབས་ཐོབ་མི་སློབ་ཕྲུག་ དེ་ལས་ ནང་འཁོད་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་དོན་ལུ་ རྫོང་ཁའི་ཤེས་ཡོན་དང་ ལྷག་པར་དུ་ ཨིང་སྐད་དང་ རྩིས་ཀྱི་ཆོས་ཚན་ཚུ་ནང་ བདུན་ཕྲག་༢ ཀྱི་རིང་ལུ་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྫོང་ཁ་སློབ་སྦྱོང་ལྟེ་བའི་ འཛིན་སྐྱོང་པ་རིག་འཛིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༦ པའི་ནང་ གཞུང་ལས་ རྫོང་ཁ་སློབ་སྦྱོང་ལྟེ་བ་གཞི་བཙུགས་འབད་ཆོག་པའི་ གནང་བ་ཐོབ་ཞིནམ་ལས་ སྤྱི་ཟླ་༦ པའི་ཚེས་༢ ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ སློབ་སྦྱོང་འབད་ནི་འགོ་བཙུགས་ཅི་ཟེར་ ཨིན་པས།
དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་དེ་ མཐོ་རིམ་སློབ་ཕྲུག་ཚུ་ལུ་ ལེགས་བསྒྱུར་གྱི་ དུས་ཚོད་ཅིག་ཨིནམ་མ་ཚད་ ཞི་གཡོག་སྤྱི་དོན་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་ཚུགས་པ་ཅིན་ གཞུང་ལུ་ཞབས་ཏོག་ཞུ་ནིའི་གོ་སྐབས་འཐོབ་སྟེ་འབད་རུང་ གལ་སྲིད་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་མ་ཚུགསཔ་འདྲཝ་ཅི་འབད་བ་ཅིན་ ཁོང་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་བྱུང་ནི་དེ་གིས་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
རིག་འཛིན་རྡོ་རྗེ་གིས་སླབ་མིའི་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་རུང་ རྫོང་ཁའི་ཐད་ལུ་ལྷོདཔ་ད་ གསལ་བྱེད་སུམ་ཅུ་ལས་འགོ་བཙུགས་ འབྲི་རྩོམ་འབྲི་ཐངས་ རང་ལུགས་ཀྱི་ལམ་སྲོལ་ དེ་ལས་ ཨིང་སྐད་ཀྱི་ཤེས་ཡོན་ རྩིས་ཁྲ་ཚུ་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ སྟོན་དོ་ཡོདཔ་ད་ བདུན་ཕྲག་༢ ལུ་ ཁོང་སློབ་སྦྱོང་འབད་མི་ཚུ་གིས་ འཐུས་དངུལ་ཀྲམ་༣༥༠༠ རེ་ སྤྲོད་དགོཔ་ཨིན་ཟེར་ ཨིན་པས།
རྫོང་ཁ་གོང་འཕེལ་ལྷན་ཚོགས་དྲུང་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ རྫོང་ཁའི་སྐད་ཡིག་ལུ་ བརྩོན་ཤུགས་དང་ བརྩི་མཐོང་སྐྱེད་མི་དེ་ ཉུང་སུ་ཅིག་ལས་མིན་འདུག་ཟེར་ཨིན་པས།
དེ་ཡང་ སློབ་གྲྭ་ནང་སྡོད་རིང་ རྫོང་ཁའི་ཆོས་ཚན་གཅིག་ལས་མེད་མི་ལུ་བརྟེན་ རང་བཞིན་གྱིས་ ཨིང་སྐད་ལུ་ དང་འདོད་བསྐྱེད་འགྱོ་དོ་ཡོདཔ་མ་ཚད་ ཕྱི་རྒྱལ་ཕར་ ཤེས་ཡོན་སྦྱང་མི་ཚུ་གིས་ རྫོང་ཁ་སླབ་ནི་ལུ་ཡང་ ལཱ་ཁག་གཏངམ་མས་ཟེར་ ཨིན་པས།
གཞུང་གི་ཡིག་ཚང་ཁག་གི་ དབུ་ཁྲིདཔ་དང་ འགོ་དཔོན་ དེ་ལས་ གཞུང་སྐྱོང་མི་ཚུ་གིས་ ཞལ་འཛོམས་ཅིག་འཚོགས་རུང་ རྫོང་ཁའི་སྐད་ཡིག་ཐོག་ལས་འབད་བ་ཅིན་ འོང་མ་བཏུབ་མི་དང་ ཨིང་སྐད་ནང་ འཚོག་ནི་ཟེར་བ་ཅིན་ སྤྲོ་བ་སྐྱེད་དེ་ འོང་མི་ལེ་ཤ་ཡོདཔ་ལས་ དབུ་ཁྲིདཔ་ཚུ་གིས་ར་ སྣང་མེད་སྐྱུརཝ་མས་ཟེར་ཨིན་པས།
བླམ་དང་མཁན་པོ་ཚུ་གིས་ ཨིང་སྐད་ཀྱི་ཐོག་ལས་ ཆོས་བཤད་གནངམ་ད་ གཞུང་གི་དབུ་ཁྲིདཔ་དང་ དཔོན་ཁག་  དེ་ལས་ ན་གཞོན་ཚུ་གིས་ སྤྲོ་བ་དང་ དང་འདོད་སྦོམ་ལེན་མི་དེ་ ཨིང་སྐད་ལུ་ ཤུགས་ཆེ་སུ་སོང་བའི་རྟགས་མཚན་ཨིན་མས་ཟེར་ ཨིན་པས།
རྫོང་ཁ་སྐད་ཡིག་དེ་ རྒྱལ་ཁབ་ རང་དབང་རང་བཙན་སྦེ་ གནས་ཐབས་ཀྱི་ གཞི་རྩ་ངོ་མ་ཅིག་དང་ དཔལ་འབྱོར་ལོངས་སྤྱོད་ཡར་དྲག་ གཏང་ཚུགས་པའི་ཁར་ ཚེ་འདི་ཕྱི་གཉིས་ཀ་ཕན་པ་འབྱུང་ནི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་གྲུབ་ཚུགས་མི་ཡང་ སྐད་ཡིག་དང་ ལམ་སྲོལ་འདི་ཨིནམ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ རྫོང་ཁའི་ཤེས་ཡོན་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ ལཱ་འབད་དགོ་པའི་ཁར་ ལཱ་གཡོག་ཚུ་ག་ཅི་ནང་འབད་རུང་ འདི་ལུ་ བརྩི་མཐོང་བསྐྱེད་དགོཔ་གལ་ཆེ་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

No comments:

Post a Comment