གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེའི་འཐུས་མི་ཚུ་ལུ་ དངུལ་ཕོགས་ཡར་སེང་དགོཔ།

༥/༧/༢༠༡༢། ༉ ཐིམ་ཕུ་གི་ ཁྲོམ་སྡེའི་འཐུས་མི་ཚུ་གིས་ ཁོང་གི་ ཟླ་རིམ་དངུལ་ཕོགས་དེ་ འགན་འཁྲི་དང་འཁྲིལ་ཏེ་ མེད་པའི་སྐོར་ལས་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༥,༠༠༠ རེ་ཐོབ་མི་དེ་ འོས་འབབ་དང་ མི་ལྡན་པས་ཟེར་ སླབ་ཨིན་པས།


ལྕང་འབངས་འབྲུ་དང་ ཨོ་ལ་ཁ་ ཁྲོམ་སྡེ་འདེམས་ཁོངས་ཀྱི་འཐུས་མི་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ཁོང་འཐུས་མི་ཚུ་ ས་གནས་གཞུང་གི་ བཙག་འཐུ་ནང་ འཐུས་མི་སྦེ་ གདམ་ཁ་གྲུབ་ཞིནམ་ལས་ ཁྲོམ་སྡེའི་ཡིག་ཚང་ནང་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ སྡོད་དགོ་པའི་ཁར་ འགན་ཁུར་ཡང་ ལྕི་དྲགས་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཐུས་མི་ཅིག་འབདཝ་ལས་ བདུན་མཐའི་སྐབས་ལུ་ཡང་ འདེམས་ཁོངས་དང་ ཁྲོམ་གྱི་ས་ཁོངས་ནང་ བྱ་སྟབས་མ་བདེཝ་རེ་བྱུངམ་ད་ མི་ཚུ་གིས་ འབོ་ནི་ཡོདཔ་ལས་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ དུས་ཚོད་མ་ཚད་ སྣུམ་འཁོར་གྱི་ སྣུམ་ལས་འགོ་བཙུགས་ ཟད་འགྲོ་སྦོམ་གཏང་དགོཔ་ཐོནམ་ཨིན་རུང་ དངུལ་ཕོགས་ཚད་ཅིག་ལས་བརྒལ་ མེད་ནི་དེ་གིས་ འཚོ་སྐྱོང་འཐབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ནོར་འཛིན་ལམ་གྱི་འཐུས་མི་ ཀུན་དགའ་ཡོན་ཏན་གྱིས་ སླབ་མིའི་ནང་ ཁྲོམ་སྡེ་ཀ་པའི་ འཐུས་མི་ཚུ་གིས་ སྤྱི་དཔོན་དང་ ཚོགས་པ་ དེ་ལས་ རྒེད་འོག་གི་ རྒཔོ་གི་འགན་ཁུར་ཡང་ འབག་དོ་ཟེར་ཨིནམ་ད་ གཞུང་གིས་ འགན་འཁྲི་དང་འཁྲིལ་བའི་ དངུལ་ཕོགས་མ་བྱིན་ནི་དེ་གིས་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཁོ་གི་ འདེམས་ཁོངས་འོག་ལུ་ ཁྱིམ་གུང་སྟོང་ཕྲག་ལས་བཅད་དེ་ཡོད་ཟེར་ཨིནམ་ད་ དུས་རྒྱུན་གྱི་ ཡིག་ཚང་དུས་ཚོད་མ་བརྩི་བར་ ཁྲོམ་སྡེའི་ཞལ་འཛོམས་དང་ འཕྲལ་འཕྲལ་ ཁྲིམས་འདུན་ལས་འོང་མི་ རྩོད་རྙོགས་དང་འབྲེལ་བའི་ ཡི་གུ་སྤྲོད་ལེན་དང་ འཕྲལ་འཕྲལ་ མི་རྩིས་དང་འབྲེལ་བའི་ ནང་སྲིད་ལྷན་ཁག་གི་ འབྲི་ཤོག་ཕཱོམ་ནང་ རྒཔོ་གི་ཚབ་མ་སྦེ་ ས་ཡིག་རྐྱབ་དགོ་པའི་ འགན་ཁུར་ཚུ་ཡང་ འབག་དོ་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་དེ་ རྒྱལ་ཁབ་ནང་ ངོས་འཛིན་ཅན་གྱི་ ཁྲོམ་སྡེ་ཀ་པ་༤ པའི་གྲས་ལས་ སྦོམ་ཤོས་ཅིག་ཨིནམ་ད་ དེ་ནང་ ཁྲོམ་སྡེའི་འཐུས་མི་༧ ཡོདཔ་ཨིན་པས།
འཐུས་མི་གཞན་ཅིག་གིས་ སླབ་མིའི་ནང་ འཐུས་མི་ཚུའི་ དངུལ་ཕོགས་ཀྱི་ ཚད་གཞི་དེ་ སྤྱི་འོག་ཅིག་ནང་ ཁྱིམ་གུང་ཚད་ཅིག་ལས་མེད་མི་ རྒེད་འོག་ཚོགས་པའི་འཐུས་མིའི་ དངུལ་ཕོགས་དང་འདྲན་འདྲ་ བྱིན་མི་དེ་ ཁེ་རྒུད་མི་བཏུབ་པས་ཟེར་ཨིནམ་ད་ ཁྱིམ་གུང་སྟོང་ཕྲག་ལས་བཅད་དེ་ འཛིན་སྐྱོང་འཐབ་དགོ་པའི་ ཁྲོམ་སྡེའི་འཐུས་མི་ཚུ་ལུ་ སྤྱིར་བཏང་ལུ་ ཟླ་རིམ་དངུལ་ཕོགས་ ཉུང་མཐའ་ དམངས་མི་ཚུའི་ དངུལ་ཕོགས་དང་ འདྲ་མཉམ་སྦེ་ བྱིན་དགོཔ་འདུག་ཟེར་ཨིན་པས།
རྒྱལ་ས་ལྟེ་བའི་ འཐུས་མི་ཅིག་གིས་ བསམ་འཆར་བཤད་མིའི་ནང་ གལ་སྲིད་ གཞུང་གིས་ དངུལ་ཕོགས་དེ་ ཡར་སེང་མ་འབད་བ་ཅིན་ འཐུས་མི་ཚུ་ ལོ་རེ་སྦེ་ སྐོར་རྒྱབ་བཟོ་དགོཔ་འདུག་ཟེར་ཨིནམ་ད་ གཞན་མི་ཅིག་གིས་འབད་བ་ཅིན་ དངུལ་ཕོགས་ཡར་སེང་མ་འབད་བ་ཅིན་ སོ་ནམ་གྱི་ ལཱ་འབད་སྡོད་པ་ཅིན་ ཁེ་ཕན་ཆེ་ནི་ཨིནམ་ལས་ དགོངས་ཞུ་འབད་རུང་ བློ་འགྱོད་མེད་ཟེར་ཨིནམ་ད་ ཨིན་རུང་ མི་སེར་གྱིས་ གདམ་འཐུ་འབད་མི་ལུ་བརྟེན་ ཁོང་གི་ ངོ་སོ་ལུ་ལྟ་སྟེ་ སྡོད་དོ་ཟེར་ཨིན་པས།
འཐུས་མི་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ འདས་པའི་ལོ་ནང་ལས་ར་ འགོ་བཙུགས་ཏེ་ ཞབས་ཏོག་བློན་པོ་ལུ་  ཞུ་ཡིག་དག་པ་ཅིག་ ཕུལ་ཡོདཔ་མ་ཚད་ བློན་ཆེན་མཆོག་ལུ་ཡང་ གསལ་ཞུ་འབད་ཡོད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཁྲོམ་སྡེའི་བཅའ་ཁྲིམས་དང་འཁྲིལཝ་ད་ ཁྲོམ་སྡེ་ཚོགས་འདུ་དང་ ཁྲོམ་སྡེ་འཐུས་མིའི་ དངུལ་ཕོགས་དང་ འཐུས་རིགས་ ཁེ་ཕན་ དེ་ལས་ འཐུས་རིགས་གཞན་ཚུ་ དངུལ་ཕོགས་ལྷན་ཚོགས་ཀྱི་ འོས་སྦྱོར་དང་འཁྲིལ་ཏེ་ སྤྱི་ཚོགས་ཀྱིས་ དུས་དང་དུས་ཚུ་ ངེས་གཏན་བཟོ་གནང་དགོ་ཟེར་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment