གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ནང་ལུ་ ཁྲིམས་སྲུང་མངའ་སྡེའི་ཡིག་ཚང་ གཞི་བཙུགས་འབད་དགོ་པའི་ཞུ་བ།

༧/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་ལས་རིམ་ནང་ ལྷ་མོའི་རྫིང་ཁ་ དཀར་ནག་གི་འཐུས་མི་ ཧེ་མཱན་གུ་རུང་གིས་ དར་དཀར་ནང་ལུ་ ཁྲིམས་སྲུང་འགག་པའི་ མི་སྟོབས་ལངམ་མེད་མི་ལུ་བརྟེན་ ད་ལྟོ་ཡོད་པའི་མི་སྟོབས་ཚུ་ ཡར་སེང་འབད་གནང་དགོཔ་ད་ ཡངན་ འོས་འབབ་དང་འཁྲིལ་ ཁྲིམས་སྲུང་འགག་པའི་ མངའ་སྡེ་ཡིག་ཚང་ཅིག་ བཙུག་གནང་ཚུགས་པ་ཅིན་ཟེར་བའི་ དྲི་བ་ཞུ་ཡི།

ཁོ་གིས་འབད་བ་ཅིན་ རྫོང་ཁག་ནང་ འཕྲལ་མགྱོགས་ར་ གློག་མེ་ལས་འགུལ་ཚུ་ འགོ་བཙུག་ནི་དང་ དམིགས་བསལ་དུ་ རྒྱལ་ཁབ་ནང་ གློག་མེ་འཕྲུལ་ཁང་ སྦོམ་ཤོས་ཅིག་ཨིན་མི་ སུན་ཀོཤི་ གློག་མེ་ལས་འགུལ་དེ་ཡང་ འགོ་བཙུག་ནིའི་ འཆར་གཞི་ཡོདཔ་ལས་ ད་ལྟོ་ཡོད་པའི་ ཁྲིམས་སྲུང་འགག་པའི་ མི་སྟོབས་དེ་གིས་ ཉེན་སྲུང་གི་ལཱ་ཚུ་ ག་དེ་སྦེ་ འབད་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོད་ལུགས་ཚུ་ ཞུ་ཡོདཔ་མ་ཚད་ རྫོང་ཁག་ནང་ རྒེད་འོག་༡༤ ཡོདཔ་ལས་ ཁྲིམས་སྲུང་འགག་པའི་ མངའ་སྡེ་གཞི་བཙུགས་འབད་ནི་ལུ་ཡང་ འོས་འབབ་ཡོད་ཟེར་ཞུ་ཡི།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ད་རེས་ཀྱི་གནས་སྟངས་ནང་ ཁྲིམས་སྲུང་འགག་པའི་ མངའ་སྡེ་ཡིག་ཚང་༡༢ ལས་བརྒལ་མེདཔ་ལས་ གཞན་མི་རྫོང་ཁག་ཚུ་ ཉེ་འདབས་ཀྱི་ ཡིག་ཚང་ཚུ་གིས་ འཛིན་སྐྱོང་འཐབ་སྟེ་ཡོད་ཟེར་ཞུ་ཡི།
དེ་ཚུ་གི་གྲས་ལས་ དབང་འདུས་ཕོ་བྲང་རྫོང་ཁག་དེ་ ཧེ་མ་འབད་བ་ཅིན་ སྤུ་ན་ཁའི་ མངའ་སྡེ་ ཡིག་ཚང་གི་འོག་ལུ་ཨིན་རུང་ ད་རེས་ སྤུ་ན་གཙང་ཆུ་ལས་འགུལ་ལུ་བརྟེན་ མངའ་སྡེ་ཡིག་ཚང་ ལོགས་སུ་སྦེ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
གལ་སྲིད་ ད་རུང་ མངའ་སྡེའི་ཡིག་ཚང་ཚུ་ གསརཔ་གཞི་བཙུགས་འབད་དགོ་པ་ཅིན་ གཞུང་ལུ་ ཟད་འགྲོ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ གནས་ནི་དང་ དབང་འདུས་ཕོ་བྲང་གི་ མངའ་སྡེ་ཡིག་ཚང་གཞི་བཙུགས་འབད་མི་དེ་ ཟད་འགྲོ་ཚུ་ འབྲུག་གཞུང་གིས་བཏངམ་མེན་པར་ ཁྲིམས་སྲུང་འགག་སྡེའི་ མ་དངུལ་ལས་བཏོན་ཏེ་ གཞི་བཙུགས་འབད་འབདཝ་ཨིན་ཟེར་ ནང་སྲིད་བློན་པོ་གིས་ ཞུ་ཡི།
དེ་མ་ཚད་ མངའ་སྡེ་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ཁྱད་ཆས་ཚང་དགོཔ་ ལེ་ཤ་ཅིག་ར་ཡོདཔ་མ་ཚད་ གྲོས་གཞི་དེ་ཡང་ འཆར་གཞི་བརྒྱུད་དེ་ར་ འབད་དགོ་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ མངའ་སྡེ་ཡིག་ཚང་ཚུ་ གཞི་བཙུགས་ཀྱི་དོན་ལུ་ ཁྱད་ཆས་ཁག་ཆེ་ཤོས་ཅིག་ ཁྲིམས་འགལ་ལཱ་གི་ གྱངས་ཁ་ཚུ་ལུ་ བལྟ་དགོཔ་ད་ ད་རེས་ཀྱི་གནས་སྟངས་ནང་འབད་བ་ཅིན་ ཁྲིམས་འགལ་གྱི་ལཱ་མཐོ་ཤོས་ར་ བུམ་ཐང་ལུ་དང་  དེ་གི་ཤུལ་ལས་ བཀྲིས་གཡང་རྩེ་ དེ་ལས་ དར་དཀར་ནང་ལུ་ ཨིནམ་སྦེ་འདུག་ཟེར་ཞུ་ཡི།
ཨིན་རུང་ དར་དཀར་ནང་གི་ཐད་ལུ་ལྷོདཔ་ད་ འོས་འབབ་ཚུ་ འཆར་གཞི་༡༡ པའི་ནང་ བལྟ་ནི་སྦེ་ཞུ་ཡོདཔ་ད་ མ་འོངས་ལོ་ཚུ་ནང་འབད་བ་ཅིན་ ཡིག་ཚང་ཅིག་ གཞི་བཙུགས་འབད་དགོཔ་འོང་ཟེར་ཞུ་ཡི།
སྤུ་ན་ཁའི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ ཁོ་གི་བསམ་འཆར་ལས་འབད་བ་ཅིན་ རྒེད་འོག་༩ ལས་ལྷག་སྟེ་ཡོད་པའི་ རྫོང་ཁག་ཚུ་ནང་ མངའ་སྡེའི་ཡིག་ཚང་ཚུ་ གཞི་བཙུགས་འབད་དགོཔ་ཡོདཔ་ད་ དེ་བཟུམ་མའི་ གལ་གནད་ཅན་གྱི་ ལཱ་ཚུ་གི་ཐད་ལུ་ལྷོདཔ་ད་ གཞུང་གིས་ ཟད་འགྲོ་གནས་ནི་ལུ་ བལྟ་ནི་མི་འོང་ཟེར་ཞུ་ཡི།
ད་རེས་ནངས་པར་ དར་དཀར་ནང་ ཁྲིམས་སྲུང་འགག་སྡེ་དེ་ རྩི་རང་གི་ མངའ་སྡེ་གླིང་འཛིན་ཡིག་ཚང་གི་ འོག་ལུ་ཡོདཔ་ཨིན་པས།
དེ་ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ གློག་མེ་ལས་འགུལ་ཚུ་ལུ་བརྟེན་ རྒྱ་འབྲུག་༢ ཀྱི་བར་ནའི་ ས་མཚམས་ཚུ་ནང་ཡང་ མཉམ་འབྲེལ་གྱི་ ཉེན་སྲུང་ཚུ་ སྒྲིང་སྒྲིང་བཟོ་སྟེ་ཡོདཔ་ལས་ མི་ཚུ་གིས་འབད་རུང་ ཁྲིམས་འགལ་གྱི་ལཱ་འབད་ནི་ལས་ འཛེམ་དགོ་ཟེར་ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment