གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་འོག་མཉམ་སྡེབ་ཀྱི་ གྲོས་འབུལ་ལུ་ གསུང་གྲོས་གནང་ཡོདཔ།

༦/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ རྒེད་འོག་ཚུ་ནང་ སྤྱི་འོག་ཚུ་ ཉེ་འདབས་ཀྱི་རྒེད་འོག་ནང་ བརྡབ་ནི་དང་ ཕྱེ་དགོ་པའི་སྐོར་ལས་ གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་ གནང་པའི་ཤུལ་ལུ་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་གནང་ཡི།
གསུང་གྲོས་དེ་ཡང་ ཧཱ་གི་འཐུས་མི་ ཚེ་རིང་རྡོ་རྗེ་གིས་ དགའ་སྐྱིད་གླིང་རྒེད་འོག་གི་ གསེར་སྟོད་ན་དང་ ཕན་སྟོད་ན་ཚུ་ཨིན་རུང་ གཡུས་ཚན་༢ རྒེད་འོག་ལྟེ་བ་ལུ་འོངམ་ད་ ཉིནམ་༣ དང་༤ གི་བར་ན་ རྐང་སྟོང་སྦེ་ འགྱོ་དགོ་པའི་ཁར་ ནགས་ཚལ་སྟུག་དྲག་དང་ ཆུ་སྦོམ་བརྒལ་དགོ་པའི་ དཀའ་ངལ་ཚུ་ཡོདཔ་བཞིན་དུ་ གཡུས་ཚན་༢ པོ་དེ་ ས་དམར་རྒེད་འོག་ལུ་ ཐག་ཉེ་སུ་ཡོདཔ་ལས་ དེ་ཁར་བརྡབ་དགོ་པའི་ཞུ་བ་ཕུལ་ཡི།

བསམ་གྲུབ་ལྗོངས་མཁར་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ མར་ཚ་ལ་རྒེད་འོག་ལུ་ཡོད་པའི་ ཝང་ཕུ་དང་ མཚོ་དཀར་ན་ སྤྱི་འོག་༢ པོ་དེ་ པདྨ་ཐང་རྒེད་འོག་ལུ་ ལམ་ཐག་ཐུང་དོ་ཡོདཔ་ལས་ པདྨ་ཐང་རྒེད་འོག་ནང་ བརྡབ་དགོཔ་འདུག་ཟེར་ཞུ་ཡི།
བུམ་ཐང་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ བུམ་ཐང་བཟུམ་ཅིག་ནང་འབད་བ་ཅིན་ ཁྲོམ་དང་ ཆོས་འཁོར་རྒེད་འོག་གི་བར་ན་ སྟབས་མ་བདེཝ་ཡོད་མི་ དེ་ཡང་ ཁྲོམ་གྱི་ས་མཚམས་དེ་ བྱང་ཁ་ཐུག་ སྐུ་རྗེས་ཚུན་ཡོད་ནི་དེ་གིས་ ལྕགས་འཁར་དང་ བྱམས་པ་ལྷ་ཁང་བར་ནང་ཡོད་མི་ ས་ཁོངས་ནང་ བཟོ་སྐྲུན་ལཱ་ག་ནི་ཡང་ འབད་མ་ཆོག་པའི་ བཀའ་རྒྱ་ཡོདཔ་བཞིན་དུ་ དེ་ནང་ ཁྲོམ་གྱི་མཐུན་རྐྱེན་ག་ནི་ཡང་མེད་པའི་ཁར་ གྲོང་གསེབ་མཐུན་རྐྱེན་ཡང་ ཐབ་ཤིང་དང་ ཁྱིམ་རྐྱབ་ནིའི་ཤིང་ ཧེ་མ་ ཐོབ་སྲོལ་ཡོད་མི་ཚུ་ཡང་ བཏོགས་བཏང་པའི་ཤུལ་ལུ་ དཀའ་ངལ་ཚུ་ཐོན་བཞིན་དུ་ར་ཡོད་ཟེར་ཞུ་ཡི།
དར་དཀར་ནང་རྫོང་ཁག་གི་འཐུས་མི་ བསོད་ནམས་རྡོ་རྗེ་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ དགོས་མཁོ་ཡོད་པ་ཅིན་ ཟད་འགྲོ་དུམ་གྲ་རེ་བཏང་ཐོག་ལས་ རྒེད་འོག་རེ་གཉིས་ ཕར་ཚུར་བརྡབ་ནི་འདུག་ དར་དཀར་ནང་རྫོང་ཁག་གི་ རྡོ་རོ་ཁ་རྒེད་འོག་ཚུ་ནང་འབད་བ་ཅིན་ རྒེད་འོག་ལྟེ་བ་ལས་ ལམ་ཐག་རིང་ནི་དེ་གིས་ འཆར་གཞིའི་ལས་འཆར་ག་ནི་ཡང་ ལྷོད་མ་ཚུགས་པའི་ གཡུས་ཚན་དག་པ་ཅིག་ཡོདཔ་ལས་ མི་སེར་གྱི་རེ་བ་བཞིན་དུ་ རྒེད་འོག་ལྟེ་བའི་ཉེ་འདབས་ལུ་ སྤོ་བཤུད་འབད་དགོཔ་ཡོད་ཟེར་ཞུ་ཡི།
ཐིམ་ཕུའི་འཐུས་མི་ སངས་རྒྱས་བཟངམོ་གིས་ བསོད་རྒེད་འོག་དེ་ སྣུམ་འཁོར་ལམ་ཚུ་ཡང་ སྤ་རོ་རྫོང་ཁག་འོག་གི་ གཡུས་ཚན་བརྒྱུད་དེ་ འགྱོ་དགོ་ནི་དེ་གིས་ རྒེད་འོག་དེ་ སྤ་རོ་རྫོང་ཁག་ནང་བརྡབ་ནི་དང་ རྨད་ཝང་རྒེད་འོག་གི་ ཚལ་ལུ་ན་སྤྱི་འོག་དེ་ རྒེད་འོག་སོ་སོ་སྦེ་ར་ བཟོ་དགོ་པའི་ འོས་འབབ་ཡོད་ཟེར་ཞུ་ཡི།
གསར་སྤང་འཐུས་མི་ ཀརྨ་དབང་འདུས་ཀྱིས་ འཇིགས་མེད་ཆོས་གླིང་རྒེད་འོག་ནང་ སྤྱི་འོག་༢ སྤོ་བཤུད་འབད་དགོཔ་ཡོདཔ་ལས་ ས་མཚམས་བཅད་མཚམས་ཚུ་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ གསུང་གྲོས་གནང་སྟེ་ བཟོ་དགོཔ་ཡོད་ཟེར་ཞུ་ཡི།
མོང་སྒར་འཐུས་མི་ གནས་ཅུ་གིས་ཡང་ སྐྱེངས་མཁར་རྒེད་འོག་ ཁྱིམ་གུང་པ་༦ འབད་མི་ སྟོང་ཀང་ལ་ལུ་ གཡུས་ཚན་གྱི་དོན་ལུ་  རྒེད་འོག་ཐག་ཉེ་ཤོས་དེ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ རྐང་འགྲུལ་འབད་དགོ་མི་ འབྲས་སྤུངས་རྒེད་འོག་དེ་ཨིནམ་ད་ མོང་སྒར་རྒེད་འོག་ནང་ ཁྱིམ་གུང་༨ དེ་ཅིག་འབད་མི་ སྤང་སྟོད་གཡུས་ཚན་དེ་ སྔ་ཚང་རྒེད་འོག་ལུ་ཐག་ཉེ་དོ་ཡོདཔ་ལས་ དེ་ཚུ་ནང་ བརྡབས་དགོཔ་ཡོད་ཟེར་ཞུ་ཡི།
བཀྲ་ཤིས་སྒང་འཐུས་མི་ བསོད་ནམས་ཀུན་དགའ་གིས་ ད་ལྟོ་ སྐབས་སུ་བབ་པ་ལུ་ རྒེད་འོག་ཁ་རྒྱས་ནི་མེན་པར་ བརྡབ་ནིའི་གྲོས་འདེབས་ཕུལཝ་བཞིན་དུ་ འཐུས་མི་ཚུ་གིས་ འོས་འབབ་ཡོད་པའི་ སྤྱི་འོག་དང་ རྒེད་འོག་གི་མིང་ཚུའི་ ཐོ་དང་སྦྲགས་པའི་སྙན་ཞུ་ཚུ་ འབད་དགོཔ་འདུག་ཟེར་ཞུ་ཡི།
ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ གྲོས་འདེབས་དང་འཁྲིལ་ཏེ་ ཧཱ་རྫོང་ཁག་ གསེར་སྟོད་ན་དང་ ཕན་སྟོད་ན་གཡུས་ཚན་༢ དང་ དེ་དང་འདྲཝ་སྦེ་ རྫོང་ཁག་སོ་སོའི་སྤྱི་འོག་ཚུ་ཡང་ འབྲེལ་ཡོད་ལྷན་ཁག་ཚུ་གིས་ དགོས་མཁོ་དང་བསྟུན་ ཁ་རྒྱས་ནི་དང་ བརྡབ་དགོ་པའི་སྐོར་ལས་ ཆ་འཇོག་གནང་ནིའི་དོན་ལུ་ ཚོགས་རྒྱན་སྐྱུར་བའི་སྐབས་ འཐུས་མི་ག་ར་གིས་ རྒྱབ་སྐྱོར་གྱི་ཚོགས་རྒྱན་བཙུགས་པའི་ཤུལ་ལུ་ དྲན་བསྐུལ་གྱི་གྲོས་འདེབས་དེ་ ཆ་འཇོག་གནང་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།


No comments:

Post a Comment