གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རང་དབང་ཐོག་ལས་ ལཱ་འབད་བའི་སྙན་ཞུ་མེདཔ།

༤/༧/༢༠༡༢༉ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མི་མང་ལས་ ཉོགས་བཤད་བཀོད་མི་ལུ་ ལཱ་ལེགས་ཤོམ་འབད་ཡོད་རུང་ འཐུས་མི་ལ་ལུ་ཅིག་ལུ་ སེམས་དང་མ་ལྡནམ་ལས་ རང་དབང་གི་ཐོག་ལས་ ལཱ་འབད་ཡོད་པའི་ གྲུབ་འབྲས་སྙན་ཞུ་མིན་འདུག་ཟེར་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བ་འཐབ་མི་ སྤྱི་ལོ་༢༠༡༡ ལུ་ ཡོངས་བསྡོམས་༡༢༣ གྱི་སྙན་ཞུ་ལྷོད་ཡོད་མི་ལུ་ ལཱ་ཚུ་འབད་རུང་ མགར་སའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་ ཞུ་མིའི་ནང་ ཉོགས་བཤད་བཀོད་མི་རྐྱངམ་གཅིག་ལུ་ ལཱ་འབད་ཡོདཔ་མ་གཏོགས་ རང་དབང་གི་ཐོག་ལས་ ཞིབ་དཔྱད་འབད་ཡོད་པའི་སྐོར་ལས་ སྙན་ཞུ་ཚུ་ག་ནི་ཡང་མིན་འདུག་ཟེར་ ཞུ་ཡི།


འདི་དང་འདྲཝ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉོགས་བཤད་བཀོད་མི་ལ་ལུ་ཅིག་ལུ་ དེ་འཕྲོ་ལས་ ཞིབ་དཔྱད་འབད་ཡོད་རུང་ ལ་ལུ་ཅིག་ནང་ ལོ་༣ ལས་ལྷག་སོ་རུ་ ད་ལྟོའི་བར་ན་ཡང་ གྲུབ་འབྲས་སྙན་ཞུ་མ་འཐོབ་པར་ཡོད་མི་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ ཟེར་བའི་དོགས་གསལ་ཞུ་ཡི།
དཔེ་འབད་བ་ཅིན་ དར་དཀར་ན་རྫོང་ཁག་གི་ རྫོང་བདག་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དེ་འཕྲོ་ལས་ཞིབ་དཔྱད་འབད་དེ་ ལཱ་གཡོག་ནང་ལས་ དགོངས་ཞུ་བཏང་ཡོད་རུང་ རྒྱལ་པོའི་ཞིང་གི་ ས་ཆའི་ཉོགས་བཤད་དེ་ ད་ལྟོའི་བར་ན་ཡང་ ངན་ལྷད་ནང་ འབྲེལ་གཏོགས་འབད་ ཡོད་མེད་ཀྱི་སྐོར་ལས་ གྲུབ་འབྲས་གསལ་སྟོན་འབད་ནིའི་ དུས་ཚོད་རན་ཡོད་རུང་ དེ་ཚུ་དྭངས་གསལ་བཟོ་མ་ཚུགས་མི་དེ་ དེ་ནང་ ཆེ་མཐོ་ཅན་གྱི་དབུ་ཁྲིདཔ་ཚུ་ འབྲེལ་ཞུགས་སྦེ་ཡོད་ནི་དེ་གིས་ཨིན་ན་ཟེར་བའི་ དྲི་བཀོད་གསལ་ཞུ་ཕུལ་ཡི།
ཧཱ་འཐུས་མི་ ཚེ་རིང་རྡོ་རྗེ་གིས་འབད་རུང་ མི་དབང་ཡབ་སྲས་གཉིས་ཀྱི་ ཐུགས་ཀྱི་དགོངས་འཆར་དང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འབད་རུང་ ངན་ལྷད་རྩ་མེད་བཟོ་ནིའི་དམིགས་ཡུལ་དེ་ གཙོ་བོ་ཅིག་ཨིན་རུང་ ད་ལྟོའི་བར་ན་ཡང་ གྲུབ་འབྲས་གསལ་སྟོན་འབད་ནི་མེདཔ་ལས་ སྤྱིར་བཏང་མི་སེར་གྱི་ རེ་འདོད་འགྲུབ་མ་ཚུགས་པའི་ཁར་ ཆེ་མཐོ་ཅན་གྱི་དབུ་ཁྲིདཔ་དང་ མི་སེར་ཉམ་ཆུང་གཉིས་ཀྱི་བར་ན་ ཁྲིམས་ལོགས་སུ་ཡོདཔ་བཟུམ་གྱི་ཚོར་སྣང་བྱུང་དོ་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལཱ་འབད་མི་ལུ་ ཡིད་ཆེས་བསྐྱེད་མི་ཚུགས་པས་ཟེར་ ཞུ་ཡི།
ཚོགས་སྡེའི་ཁྲི་འཛིན་འོགམ་ བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་ལས་ཕར་ ལཱ་འབད་ནིའི་དོན་ལུ་ ལེགས་ལྡན་གཞུང་སྐྱོང་ཁྲིམས་བཟོ་ཚོགས་ཆུང་གིས་ རྒྱབ་སྣོན་གྲོས་འདེབས་ཁག་༡༠ ཕུལ་ཡོད་མི་ལས་ རྒྱལ་ཡོངས་ཐབས་བྱུས་ ངན་ལྷད་གཞི་བཀོད་དང་ ཐབས་ལམ་བསྒྲིག་ནི་ མཁོ་སྒྲུབ་སྡེ་ཚན་ ཕྱག་མཇལ་ ཞི་གཡོག་ལྷན་ཚོགས་དང་ རྒྱུ་ནོར་གཞི་གཟུང་གི་ གདམ་འཐུ་བཅའ་ཁྲིམས་ཚུ་ བསྐྱར་ཞིབ་འབད་ནི་ཚུ་ ཨིན་མས་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ལས་འགུལ་སྦོམ་ཚུ་ནང་ ལྟ་རྟོག་དང་ གཞུང་གི་ཁྲིམས་ལུགས་ཚུ་ ལེགས་ཤོམ་སྦེ་ལག་ལེན་འཐབ་སྟེ་ ངན་ལྷད་མེདཔ་བཟོ་ནི་ ངན་ལྷད་ཀྱི་ཞིབ་དཔྱད་འབདཝ་ད་ འདྲ་མཉམ་གྱི་ཐོག་ལས་ འབད་དགོཔ་མ་ཚད་ ད་ཚུན་ གཞུང་གིས་ ངན་ལྷད་ནང་འབྲེལ་གཏོགས་འབྱུང་མི་བཅུག་ནིའི་དོན་ལུ་ སྔོན་འགོག་འབད་ཡོད་པའི་ སྙན་ཞུ་མེདཔ་ལས་ སྔོན་འགོག་འབད་དགོ་པའི་སྐོར་ལས་ གྲོས་འདེབས་ཕུལ་ཡི།
རྒྱབ་སྣོན་གྲོས་འདེབས་ཕུལ་མི་ལུ་ ལྷུན་རྩེ་འཐུས་མི་ རིག་འཛིན་རིག་འཛིན་གྱིས་ རྒྱབ་སྐྱོར་ཕུལ་ཡོད་པའི་ཁར་ པདྨ་དགའ་ཚལ་འཐུས་མི་ འཇིགས་མེད་རིག་འཛིན་གྱིས་ ངན་ལྷད་ནང་ འབྲེལ་གཏོགས་ཞུགས་མི་ཚུ་ བརྡ་བརྒྱུད་དང་ འཁྲུན་ཆོད་ནང་ གསལ་སྟོན་འབད་དགོ་པའི་ གྲོས་འདེབས་དང་ འཐུས་མི་ལ་ལུ་ཅིག་གིས་ ཞི་གཡོག་ལྷན་ཚོགས་ཀྱི་བཅའ་ཁྲིམས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་གཉིས་ཆ་མཚུངས་མེདཔ་ལས་ བསྐྱར་ཞིབ་འབད་དེ་ གཅིག་མཚུངས་བཟོ་དགོ་པའི་གྲོས་འདེབས་ཚུ་ ཕུལ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ རྒྱབ་སྣོན་གྲོས་འདེབས་གུ་ གྲོས་བསྡུར་འབད་ཡོདཔ་བཞིན་དུ་ མཐའ་བཅད་ཀྱི་ གསུང་གྲོས་གནངམ་ད་ ཚོགས་ཆུང་གིས་ འཕྲི་སྣོན་དང་ ལེགས་བཅོས་འབད་དེ་ གྲོས་འདེབས་ཕུལཝ་ད་གཅིག་ཁར་ ཆ་འཇོག་གནང་ནི་ཟེར་ གསུང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment