གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒཔོ་དང་ཁག་འབགཔ་གིས་ གཡུས་མི་ལུ་ ལས་མི་ཐོན་དགོཔ་སྦེ་ སླབ་པའི་སྐོར་ལས་ཉོགས་འཛིང་།

༡༣/༧/༢༠༡༢   ༉ བསམ་འགྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ གདུང་སྨན་གཡུས་ཚན་གྱི་མི་སེར་ཚུ་ གཡུས་ཁར་ གློག་མེ་ལྷོད་ནི་ཨིན་མི་ལུ་ སེམས་སྤྲོ་བ་བསྐྱེད་དེ་ཡོད་རུང་ གློག་མེ་སྦྲེལ་མཐུད་ཀྱི་ལཱ་ཚུ་ འགོ་འདྲེན་འཐབ་ཐངས་ལུ་ མགུ་རྙོགས་ཀྱི་ གཞི་ཅིག་ལུ་གྱུར་ཡོདཔ་ཨིན་པས།
གདུང་མཱན་མ་གཡུས་ཚན་ལས་མཐོང་མི་ ལའུ་རི་རྒད་འོག་གི་མཐོང་སྣང་།


གཞུང་གིས་ སྤྱི་ལོ་༢༠༡༣ ལུ་ གཡུས་སྒོ་ཆ་མཉམ་ནང་ གློག་མེའི་སྦྲེལ་མཐུད་ཡོདཔ་སྦེ་ བཟོ་ནི་གི་དམིགས་འཆར་དེ་གིས་ ས་ཐག་རིང་སའི་ གྲོང་གསེབ་ཚུ་ནང་ ཐབས་ཤེས་སྣ་ཚོགས་ལག་ལེན་འཐབ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
གདུང་སྨན་གྱི་གཡུས་མི་ཅིག་གིས་ སླབ་མིའི་ནང་ གློག་མེའི་ལཱ་འགོ་མ་བཙུགས་པའི་སྐབས་ གཡུས་སྒོ་དེ་ནང་གི་ཁྱིམ་གུང་༦༠ ཡོད་མི་ ཁྱིམ་གུང་ རེ་རེའི་ནང་ལས་ མི་རེ་ ངེས་པར་དུ་ ཇོ་མོ་གཙང་ཁ་ལས་  ཁོང་རའི་གཡུས་ཁ་ཚུན་ གློག་མེའི་ལྕགས་དུང་གི་ཀཝ་ཚུ་ བསྐྱལ་ནིའི་ནང་ ལས་མི་འབད་དགོཔ་སྦེ་སླབ་སྟེ་ ལཱ་འབད་བཅུག་ཅི་ཟེར་ཨིནམ་ད་ ཇོ་མོ་གཙང་ཁ་ འཁོར་ལམ་ལས་ གདུང་སྨན་གཡུས་ཚན་ཚུན་ཚོད་ རྐང་སྟོང་སྦེ་ཉིནམ་༣ རེ་འགྱོ་དགོཔ་ཨིན་པས།
གཡུས་ཚན་འདི་ནང་ལས་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ལཱ་འགོ་མ་བཙུགས་པའི་ཧེ་མར་ གཡུས་མི་ཚུ་ འཛོམས་འདུ་བཀུག་ཞིནམ་ལས་ རྒཔོ་དང་ དམངས་མི་ དེ་ལས་ ཁག་འབགཔ་ཚུ་གིས་ གཡུས་སྒོའི་ནང་ གློག་མེ་སྦྲེལ་མཐུད་འབད་ནིའི་སྐོར་ལས་ གསལ་བཤད་འབད་ཡི་ཟེར་ཨིན་པས།
དེ་སྐབས་ གཡུས་མི་ཚུ་གིས་ གུང་རེ་ལས་ མི་རེ་ཐོན་ཏེ་ ལྕགས་དུང་གི་ཀཝ་བསྐྱལ་ནིའི་དོན་ལུ་ ལས་མི་མ་ཐོན་པ་ཅིན་ གློག་མེ་བྱིན་མི་ཚུགས་ཟེར་སླབ་སྟེ་ ཁག་འབགཔ་གིས་ ཉིནམ་རེའི་ ཉིན་འཐུས་ དངུལ་ཀྲམ་༣༠༠ རེ་ བྱིན་ནི་སྦེ་སླབ་མི་ལུ་ ང་བཅས་ཀྱིས་ ངོས་ལེན་འབད་དེ་ ལཱ་འབད་ཡི་ཟེར་བཤདཔ་ཨིན་པས།
མི་༥ གིས་ ལྕགས་དུང་གི་ཀཝ་རེ་འབག་སྟེ་ ས་གནས་ཁར་བསྐྱལ་ཡོདཔ་ད་ འཕྲལ་འཕྲལ་སྦེ་ ཆརཔ་གིས་ ཆུ་བྲེས་པའི་ཁར་ ས་རུད་ཡང་ཆད་དེ་ ཕོ་སྐྱེས་ཚུ་ལུ་ ལྕགས་དུང་འབད་ནིའི་ནང་ དཀའ་སྡུག་སྦོམ་ར་བྱུང་ཡི་ཟེར་ཨིནམ་ད་ གཡུས་སྒོའི་ནང་ ག་ར་ཤོ་མཚུངས་སྦེ་ ཕོ་སྐྱེས་གཞོནམ་མེད་ནི་དེ་གིས་ ལ་ལུ་ཨ་རྒས་ཡང་ཡོདཔ་ལས་ དེ་ཚུ་ལུ་ དཀའ་སྡུག་སྦོམ་སྦེ་ར་ཕོག་ཅི་ཟེར་ཨིན་པས།
སྐྱེས་ལོ་༢༦ འབད་མི་ འཇིགས་མེད་ཚེ་དབང་གིས་ སླབ་མིའི་ནང་ གློག་མེའི་ལཱ་དེ་གིས་ ཁག་འབགཔ་ཚུ་ལུ་ གྱོང་རྒུད་སྦོམ་སྦེ་ར་ཕོག་སྟེ་ཡོདཔ་ལས་ རྒུད་བསང་ཐབས་ལུ་ ལཱ་བརྒྱ་ཆ་༣༠ དེ་ཅིག་ གཡུས་མི་ཚུ་གིས་ ཉིན་གྲངས་གླ་ཆའི་ཐོག་ལུ་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་མ་ཚད་ ཁག་འབགཔ་དེ་གིས་ གཡུས་མི་ཚུ་ལུ་ ཁྱིམ་རེའི་ནང་ལས་ ལས་མི་ཐོན་ནི་མེད་པ་ཅིན་ ལས་མི་ཚུ་ གཞན་ཁ་ལས་འཚོལ་ཏེ་འབད་རུང་ བཙུགས་དགོ་ཟེར་ཡང་ སླབ་ཅི་ཟེར་ཨིན་པས།
གཡུས་མི་ཚུ་གིས་ དཀའ་ངལ་དེ་གི་སྐོར་ལས་ རྒཔོ་ལུ་སྙན་ཞུ་འབདཝ་ད་ རྒཔོ་གིས་ཡང་ ཁག་འབགཔ་དེ་ལུ་ གཡུས་མི་ཚུ་གིས་ ཆ་རོགས་མ་འབད་བ་ཅིན་ ལཱ་འབད་ནི་བཤོལ་བཞག་ནིའི་ཉེན་ཁ་ཡོདཔ་ལས་ གཡུས་ཁར་ གློག་མེ་ལྷོད་མི་ཚུགས་ཟེར་ སླབ་མས་ཟེར་ཨིན་པས།
གཡུས་སྒོའི་ནང་ མི་སེར་ལ་ལུ་ གཉེན་ཡ་བྲལ་སོང་མི་དང་ ཕོ་སྐྱེས་མེད་མི་ཚུ་ བྱ་ཐབས་མེད་པར་ ཨམ་སྲུ་ཁོང་ར་ཐོན་ཏེ་ ལཱ་འབད་དོ་ཡོདཔ་ད་ སྐྱེས་ལོ་༣༣ ལང་མི་ རྡོ་རྗེ་ལྷ་མོ་གིས་ སླབ་མིའི་ནང་ ཕོ་སྐྱེས་ཚུ་གིས་ཡང་ ལྕགས་དུང་འབག་ནིའི་ནང་ ལཱ་ཁག་རྐྱབ་ད་ ཨམ་སྲུ་ཚུ་གིས་ ག་དེ་སྦེ་ ལྕགས་དུང་ཚུ་འབག་ཚུགས་པའི་རེ་བ་བསྐྱེད་ནི་ཟེར་ཨིན་པས།
ད་རུང་ པདྨ་གིས་སླབ་མིའི་ནང་ མི་༥ གིས་ ལྕགས་དུང་རེ་འབག་ནི་དེ་ དཀའ་སྡུག་སྦོམ་ཡོདཔ་ལས་ ལྕགས་དུང་རེ་ལུ་ མི་༨ རེ་དགོཔ་སྦེ་སླབ་ད་ ཁག་འབགཔ་གིས་ དེ་སྦེ་ཨིན་པ་ཅིན་ ཉིན་བསྟར་གྱི་ གླ་ཆ་མར་ཕབ་འབད་དགོ་ཟེར་སླབ་སྟེ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ལའུ་རི་གི་ རྒཔོ་པདྨ་དོན་འགྲུབ་ཀྱིས་ སླབ་མིའི་ནང་ ཁོ་གིས་ ཁག་འབགཔ་ལུ་ རྒུད་ཕོག་པའི་སྐོར་ལས་དང་ རྒྱ་གར་ལས་ ལཱ་འབད་མི་མ་ཐོབ་ནི་དེ་གིས་ གཡུས་མི་ཚུ་གིས་ ཉིན་བསྟར་གླ་ཆའི་ཐོག་ལུ་ ལཱ་རུབ་དགོཔ་སྦེ་སླབ་ཡོད་རུང་ དབང་ཤུགས་ཐོག་ལས་འབད་འབདཝ་མེད་ཟེར་ཨིན་པས།
ཁག་འབགཔ་ ཚེ་བརྟན་རྒྱལ་མཚན་གྱིས་ཡང་ གཡུས་མི་ཚུ་ལུ་ བཙན་བསྐུལ་མ་འབད་ཟེར་ཨིནམ་ད་ གཡུས་མི་ལྕོགས་གྲུབ་ཡོད་མི་ཚུ་གིས་ ཉིན་བསྟར་གྱི་ གླ་འཐུས་ཐོག་ལུ་ ལཱ་རུབ་བྱིན་པ་ཅིན་ཟེར་ སླབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་མི་ཁོང་ར་གིས་ར་ ཉིནམ་རེ་ལུ་ གླ་ཆ་དངུལ་ཀྲམ་༣༠༠ རེ་ཡོད་པ་ཅིན་ ལཱ་འབད་ནི་ཟེར་སླབ་སྟེ་ ཁ་བཟེད་ཡི་ཟེར་ཨིན་པས།

ལའུ་རི་རྒེད་འོག་ནང་ ཁྱིམ་གུང་༥༦༥ དེ་ཅིག་ གློག་མེའི་ སྦྲེལ་མཐུད་འབད་དགོཔ་ཡོདཔ་ད་ ཁག་འབགཔ་ལུ་ ལཱ་འབད་ནིའི་དུས་ཡུན་ ལོ་ངོ་༡ ལས་ མེདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment