གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལུ་ ས་ཆ་དང་འབྲེལ་བའི་ གྲོས་འདེབས་ཁག་༡༩ ཕུལ་ནི།

༡༣/༧/༢༠༡༢   ༉ བདུན་ཕྲག་འདི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་བསྡུར་ཞིབ་པར་གནང་བའི་ཤུལ་ལས་ ས་ཆ་དང་འབྲེལ་བའི་ གནད་དོན་ཁག་༡༩ ཆ་འཇོག་འབད་མི་དེ་ གཞུང་དང་ འབྲེལ་བ་ཡོད་པའི་ གཙུག་སྡེ་ཚུ་ལུ་ ཕུལ་ནི་ཨིན་པས།


གྲོས་འདེབས་ཀྱི་ གསུང་གྲོས་ཚུ་ཡང་ གཙོ་བོ་ར་ རྩྭ་འབྲོག་དང་ སོག་ཤིང་ དེ་ལས་ གཞུང་བཞེས་འབད་མི་ སྒེར་སའི་འཐུས་དང་ས་ཚབ་ སྔོ་ལྗང་གི་ས་ལུ་རྒུད་འཐུས་ དེ་ལས་ སྣུམ་འཁོར་ལམ་ལུ་བརྟེན་ཏེ་ གྱོང་རྒུད་ཕོག་མི་ཚུ་ལུ་ རྒུད་འཐུས་ཚུ་དང་འབྲེལ་བའི་ གནད་དོན་ཚུ་གི་ཐོག་ལུ་གནང་སྟེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
རྩྭ་འབྲོག་གི་ཐད་ལུ་ འཐུས་མི་མང་ཤོས་ཅིག་གིས་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ སྟབས་མ་བདེཝ་བྱུང་མི་ གནད་དོན་ཅིག་ རྩྭ་འབྲོག་གི་སྐོར་ལས་ཨིནམ་ད་ དེ་ཡང་ གཞུང་གིས་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་ཏེ་ སྒེར་གྱི་བདག་དབང་ལུ་ཡོད་པའི་ ཁྲམ་ནང་ལས་ བཏོགས་བཏང་ཞིནམ་ལས་ ཁྲམ་ནང་ཡོད་པའི་རྩྭ་འབྲོག་ཚུ་ གཞུང་ས་དང་ གྲོང་གསེབ་ནང་གི་ གཞུང་དབང་ནགས་ཚལ་སྦེ་ ངོས་འཛིན་འབད་ནི་སྦེ་ བཀོད་ཡོདཔ་ད་ རྩྭ་འབྲོག་གི་ ཇོ་བདག་ཚུ་ལུ་ སའི་རྒྱ་ཚད་དང་འཁྲིལ་ཏེ་ དངུལ་གྱི་རྒུད་འཐུས་ཚུ་ སྤྲོད་དགོཔ་སྦེ་ བཀོད་ཡོད་མི་དང་འཁྲིལ་ ད་ལྟོའི་བར་ན་ཡང་ མ་སྤྲོད་པར་འདུག་ཟེར་ཨིན་པས།
དེ་ལུ་བརྟེན་ ཇོ་བདག་ལ་ལུ་ཅིག་གིས་ རྩྭ་འབྲོག་ལག་ལེན་འཐབ་ནི་ བཤོལ་བཞག་འབད་ཡོད་རུང་ མང་ཤོས་ཅིག་གིས་ ལག་ལེན་འཐབ་བཞིན་དུ་ཡོདཔ་ལས་ དེ་ནང་ བཅད་མཚམས་དང་འབྲེལ་བའི་ ཉོགས་བཤད་ཚུ་ བྱུང་བཞིན་དུ་ཡོདཔ་ལས་ གཞུང་གིས་ རྒུད་འཐུས་ཚུ་ འཕྲལ་མགྱོགས་ར་སྤྲོད་དེ་ བསལ་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སོག་ཤིང་ཚུ་ཡང་ བཅའ་ཁྲིམས་དང་འཁྲིལ་ གླ་ཁར་མ་བཏང་པར་ བཞག་མི་ལུ་བརྟེན་ ད་རེས་ནངས་པ་ གོང་འཕེལ་གྱི་ལས་སྣ་ཚུ་ལུ་བརྟེན་ ལ་ལུ་ཅིག་ མི་སྡེའི་ནགས་ཚལ་ལུ་བསྒྱུར་བའི་ཁར་ གོང་འཕེལ་གྱི་ལས་སྣ་ སྣུམ་འཁོར་ལམ་དང་ སློབ་གྲྭ་ སྨན་ཁང་ཚུ་ བཟོ་སྐྲུན་འབད་དེ་ གནོད་པ་རྐྱབ་པའི་ཤུལ་ལས་ གླ་ཁར་སྤྲོད་པ་འམ་ ཤུལ་ལས་ གལ་སྲིད་ མི་སེར་གྱི་རེ་འདོད་བཞིན་དུ་ ལོག་སྟེ་ རང་སོའི་ ཁྲམ་ནང་བཀོད་པའི་སྐབས་ལུ་ གྱོང་རྒུད་ཕོག་དོ་ཡོདཔ་ལས་ གཞུང་གིས་ རྒུད་འཐུས་ཚུ་ཡང་ སྤྲོད་དགོཔ་འདུག་ཟེར་ཨིན་པས།
གཞུང་གིས་ དགོས་མཁོ་དང་བསྟུན་ མི་སེར་གྱི་ས་ཆ་ མང་ཤོས་ཅིག་ བཞེས་ཡོད་རུང་ ས་ཚབ་དང་ རྒུད་འཐུས་སོགས་ ད་ལྟོ་ཡང་མ་ཐོབ་མི་ ཁྱིམ་གུང་ལེ་ཤ་ཡོདཔ་ལས་ གཞུང་གིས་ ས་ཚབ་དང་ རྒུད་འཐུས་ཚུ་ གང་མགྱོགས་གནང་དགོཔ་འདུག་ཟེར་ཨིན་པས།
དེ་ལས་ ས་རིན་གྱི་ཐད་ཁར་ གཞུང་གིས་ ཧེ་མ་ལས་ ས་ཆ་བཞེས་ཡོད་རུང་ ཡུན་རིང་གི་རྒྱབ་ལས་ ས་རིན་སྤྲོད་དོ་ཡོདཔ་ལས་ ས་རིན་ཡང་ རིན་སྤྲོད་པའི་དུས་ཚོད་ཀྱི་ རིན་གོང་ལུ་ ཆ་གནས་འབད་དེ་ སྤྲོད་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ སོ་ནམ་ཞིང་ལམ་མེན་པར་ རྫོང་ཁག་ལམ་དང་ གཞུང་ལམ་ཚུ་ སྒེར་གྱི་ས་ནང་ལས་བཏོན་ཏེ་ ཟ་སྤྱོད་འབད་མི་ ས་ཆ་ མེདཔ་བཏང་བའི་ཤུལ་ལས་ རྒུད་འཐུས་མ་ཐོབ་པར་སྡོད་མི་ འཛགས་ལུས་ཤོར་མི་ཡང་ ལེ་ཤ་ཡོདཔ་ལས་ གཞུང་གིས་ ལོག་སྟེ་ར་ ཞིབ་དཔྱད་ཀྱི་ སྙན་ཞུ་ཕུལ་ནིའི་ གོ་སྐབས་བྱིན་དགོཔ་མ་ཚད་ ལམ་སེལ་བའི་སྐབས་ ས་དང་རྡོ་ཚུ་ ལམ་འོག་ལས་ཤོར་སྟེ་ མི་སེར་སོ་ནམ་པའི་ ས་ཞིང་མེདཔ་བཏང་མི་ཡང་ ལེ་ཤ་ཡོདཔ་ལས་ དེ་ཚུ་ལུ་ རྒུད་འཐུས་ཚུ་ སྤྲོད་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ འཐུས་མི་ལ་ལུ་ཅིག་གིས་ ས་མཚམས་ཀྱི་ ས་གནས་ཚུ་ནང་ སྔོ་ལྗང་གི་ས་ཁོངས་སྦེ་ ངོས་འཛིན་འབད་ཡོད་སར་ དེ་གི་ ལམ་སྟོན་དང་སྲིད་བྱུས་ཚུ་ བརྩམ་དགོཔ་འདུག་ཟེར་ཨིན་པས།
ས་ཐེབས་དང་ ས་ཆ་བསྐྱར་འཇལ་གྱི་ཐད་ཁར་ ཧེ་མ་ ལྕགས་ཐག་གིས་འཇལ་མི་དེ་ ཤུལ་ལས་ འཕྲུལ་ཆས་ཀྱིས་ འཇལ་བའི་སྐབས་ ས་ཐེབས་ཐོན་མི་ཚུ་ལུ་ ས་ཐེབས་ཀྱི་དུས་ཚོད་ རན་ཏོག་ཏོ་ མ་བྱིན་མི་ལུ་བརྟེན་ ལ་ལུ་ཅིག་གིས་ ས་ཐེབས་ཀྱི་རིན་སྤྲོད་ཚར་རུང་ མང་ཤོས་ཅིག་གིས་ སྤྲོད་མ་ཚུགས་པར་ ཧེ་མ་ལས་ ཟ་སྤྱོད་འབད་མི་ ས་ཆ་ཡང་ གཞུང་བཞེས་འབད་ཡོདཔ་ད་ མ་གཞི་ ས་རིན་སྤྲོད་མི་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་སྦེ་ གནང་ཡོད་རུང་ ལ་ལུ་ཅིག་གི་ ས་ཆ་ཨེ་ཀར་ལས་བཅད་དེ་ བཏོགས་བཏང་ཡོད་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་པར་ཡོདཔ་ལས་ ས་མཚམས་རྡོ་མཚམས་ཚུ་ གཡུས་སྒོའི་ཚོགས་པ་ཚུ་གིས་ ཤེས་ནི་དེ་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ གཡུས་སྒོའི་ ཚོགས་པ་བརྒྱུད་དེ་ ཧེ་མའི་ ལག་ཁྲམ་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་ལ་སོགས་པ་ཚུ་ཕུལ་ཡི།
གྲོས་འདེབས་ཚུ་ གཞུང་དང་ འབྲེལ་ཡོད་གཙུག་སྡེ་ཚུ་ལུ་ ལེགས་བཅོས་ཀྱི་ དྲན་བསྐུལ་འབད་ནིའི་དོན་ལུ་ ཕུལ་ནི་ཨིན་ཟེར་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ བཤད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment