གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ འགྲུལ་འཕྲིན་གྱི་རྒྱུན་ལམ་ ཐོབ་མ་ཚུགས་པའི་དཀའ་ངལ།

 ༡༤/༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢ ལས་ ཧཱ་རྫོང་ཁག་ནང་ བཀའ་ཁྲིད་འགོ་བཙུགས་ཡོདཔ་བཞིན་དུ་ མི་སེར་༥,༠༠༠ དེ་ཅིག་ སྤུངས་འཛོམས་འབད་མི་ལུ་བརྟེན་ཏེ་ བཀྲིས་འགྲུལ་འཕྲིན་དང་ བི་མོ་བཱ་ཡེལ་འགྲུལ་འཕྲིན་གྱི་ རྒྱུན་ལམ་གཉིས་ཆ་ར་ ལེགས་ཤོམ་སྦེ་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
བཀྲིས་འགྲུལ་འཕྲིན་ལག་ལེན་འཐབ་མི་ ཞི་གཡོགཔ་བཀྲིས་ཀྱིས་ སླབ་མིའི་ནང་ ཧཱ་ལུ་ འགྲུལ་འཕྲིན་གཏང་ནིའི་དོན་ལུ་ ཚར་༣ དང་༤ དེ་ཅིག་ ལག་ལེན་འཐབ་དགོ་པའི་ཁར་ འཕྲལ་འཕྲལ་ར་ རྒྱུན་ལམ་དལཝ་སྦེ་ ཡོད་དེ་འབད་རུང་ དལཝ་མིན་འདུག་ཟེར་ སླབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གི་ བཟའ་ཚང་ཚུ་ག་ར་ ཧཱ་ལུ་ བཀའ་ཁྲིད་ཞུ་བའི་བསྒང་ཡོདཔ་ལས་ ཉིན་མའི་ལྟོ་ བཟའ་ནི་གི་དུས་ཚོད་རནམ་ད་ འགྲུལ་འཕྲིན་བཏང་པའི་སྐབས་ རྒྱུན་ལམ་ཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༢༤ ལང་མི་ མཁའ་འགྲོ་གི་ཕམ་ཚུ་ ཧཱ་ལུ་ བཀའ་ཁྲིད་ཞུ་སྟེ་ཡོདཔ་ལས་ མོ་གིས་ ཐིམ་ཕུ་ལས་ ཧཱ་ཚུན་ ཅ་ལ་བསྐྱལ་བར་འགྱོཝ་ད་ ལམ་ཁར་ལས་ འགྲུལ་འཕྲིན་གཏང་ནི་ འགོ་བཙུགས་མི་དེ་གིས་ ཧཱ་ལུ་ལྷོད་དེ་ འགྲུལ་འཕྲིན་བཏང་རུང་ རྒྱུན་ལམ་ཐོབ་མ་ཚུགས་ཟེར་ཨིན་པས།
ཧཱ་རྫོང་ཁག་ནང་ བི་མོ་བཱ་ཡེལ་གྱི་ རྒྱུན་ལམ་ཀཝ་༣ ཡོདཔ་ད་ དེ་ཡང་ འདམ་ཐང་དང་ ཡངས་ཐང་ དེ་ལས་ ཨིམ་ཊཱཊ་དམག་སྡེའི་ སྦོ་ལོགས་ཁར་ཡོདཔ་ཨིན་པས།
ཧཱ་གི་ འབྲུག་བརྒྱུད་འཕྲིན་གྱི་ འཛིན་སྐྱོང་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཀཝ་༡ གིས་ ཚར་གཅིག་ནང་ རྒྱུན་ལམ་༦༤ བདའ་ཟུན་དོ་ཡོདཔ་ད་ གཞན་མི་ཀཝ་༢ ཀྱིས་ རྒྱུན་ལམ་༡༦ ལས་༣༢ ཀྱི་བར་ན་ལས་ འབད་མི་ཚུགས་པས་ཟེར་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོའི་ གནས་སྟངས་ནང་ འགྲུལ་འཕྲིན་རྐྱངམ་གཅིག་ལུ་ གཙོ་བོར་བཏོན་དོ་ཡོདཔ་མ་གཏོགས་ ཌེ་ཊ་ཀཱཌ་ཚུ་ ལཱ་འབད་མི་བཏུབ་ཟེར་ཨིནམ་ད་ ཨིན་རུང་ དྲོ་པ་ཧ་སག་དང་ ནུབ་མོའི་དུས་ཚོད་ལུ་ དུམ་གྲ་རེ་ ལག་ལེན་འཐབ་བཏུབ་པས་ཟེར་ སླབ་ཨིན་པས།
བཀྲིས་བརྒྱུད་འཕྲིན་གྱི་ འཛིན་སྐྱོང་འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་ ཧཱ་རྫོང་ཁག་ནང་ བཀྲིས་འགྲུལ་འཕྲིན་གྱི་ རྒྱུན་ལམ་ཀཝ་༦ ཡོད་པའི་ནང་ལས་ ཡངས་ཐང་ལུ་ཡོད་མི་དེ་ ཁྲོམ་གྱི་དོན་ལུ་ཨིནམ་ལས་ དེ་རྐྱངམ་གཅིག་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་བཏུབ་ཟེར་ཨིན་པས།
གཞན་མི་ཀཝ་ཚུ་ ཅེ་ལེ་ལ་དང་ གསང་སྦས་ཁ་ ཚོ་གླིང་ཁ་ བྱཱ་ཞིང་ནང་ དེ་ལས་ རང་བཞིན་ཁར་ཨིནམ་ད་ དེ་ཚུ་ནང་ ལག་ལེན་འཐབ་མི་ གངམ་མེདཔ་ལས་ རྒྱུན་ལམ་གྱི་དཀའ་ངལ་མི་ཐོན་མས་ཟེར་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཧཱ་རྫོང་ཁག་ནང་ བཀྲིས་འགྲུལ་འཕྲིན་ ལག་ལེན་འཐབ་མི་༣,༠༠༠ དེ་ཅིག་ཡོདཔ་ད་ བི་མོ་བཱ་ཡེལ་ལག་ལེན་འཐབ་མི་ ཉུང་ཤོས་༣,༠༠༠ ཡོདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།



No comments:

Post a Comment