གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ རྐང་འགྲུལ་པའི་ཉིན་མར་ མི་མང་དང་ ལྟ་རྟོག་པའི་བར་ན་བྲེལ་ཟིང་།

 ༡༡/༧/༢༠༡༢། ༉ རྒྱལ་ཁབ་ནང་ རྐང་འགྲུལ་པའི་ཉིནམ་ བརྩི་སྲུང་འབད་དེ་ བདུན་ཕྲག་༤ ལང་ཡོད་རུང་ ཧཱ་རྫོང་ཁག་ནང་ ད་ལྟོའི་བར་ན་ཡང་ ཚུལ་བཞིན་དུ་ ལག་ལེན་འཐབ་མ་ཚུགས་པར་ ཡོདཔ་ཨིན་པས།
དེ་ཡང་ གཞུང་འཁོར་བཏང་མི་དང་ མི་སེར་ལ་ལུ་ཅིག་གིས་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་མི་ལུ་ ཉན་མ་བཏུབ་པར་ བྲེལ་ཟིང་ལང་དོ་ཡོདཔ་ཨིན་པས།

ཧཱ་དཀར་འཚོ་ཟམ་པ་ལས་ ཌེ་མོ་སྒོ་ར་ཚུན་འབདཝ་ད་ ཁྲོམ་ཀི་ལོ་མི་ཊཪ་ཕྱེད་དང་༢ རྐྱངམ་གཅིག་གི་རྩིས་ རྐང་ཐང་སྦེ་ འགྱོ་དགོཔ་ལས་ མི་སེར་ཚུ་གིས་ སྣུམ་འཁོར་ཚུ་ དཀར་འཚོ་ཟམ་པའི་ སྦོ་ལོགས་ཁ་དང་ ཌེ་མོ་སྒོ་ར་སྒོ་ཁར་ བཀག་བཞགཔ་ཨིན་པས།
ཧཱ་རྫོང་བདག་ རིག་འཛིན་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨ་རྟག་འབད་བ་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ དེ་ལས་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་ཚུ་གིས་ ག་སླབ་མི་ལུ་ ཉན་དོ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ བཀའ་ཁྲིད་འགོ་བཙུགས་མི་ལུ་བརྟེན་ རྫོང་ཁག་གི་སྣུམ་འཁོར་ཚུ་ ཅ་ཆས་ཕར་ཚུར་ བསྐྱལ་དགོ་པའི་ལཱ་ཐོན་མི་ལུ་བརྟེན་ འབྲེལ་ཡོད་ཡིག་ཚང་ཚུ་ལས་ གནང་བ་ལེན་ཏེ་ འགྱོ་བཅུགཔ་ཨིན་ཟེར་ཨིན་པས།
བཀའ་ཁྲིད་མཇུག་བསྡུ་བའི་བསྒང་ལས་ གཞུང་གི་ལམ་ལུགས་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་ཟེར་ཨིནམ་ད་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རེས་གཟའ་ལྷགཔ་དེ་ རྐང་འགྲུལ་པའི་ཉིནམ་སྦེ་ བརྩི་སྲུང་འབད་མི་དེ་ལུ་ མི་སྡེའི་འགོ་ཁྲིདཔ་དང་ གཞན་མི་འགོ་དཔོན་ དེ་ལས་ སློབ་གྲྭའི་སློབ་དཔོན་ཚུ་གིས་ ཁོང་གིས་སླབ་མི་ལུ་ ཉན་མ་བཏུབ་པའི་ཁར་ ཁོང་ལུ་ སླབ་མ་བཏུབ་པའི་གཏམ་སླབ་མི་ཡང་ ཐོནམ་མས་ཟེར་ཨིན་པས།
ན་གཞོན་དང་ ཁྲིམས་སྲུང་མཉམ་འབྲེལ་ལས་རིམ་ནང་ བཅའ་མར་གཏོགས་མི་ ན་གཞོན་སློབ་ཕྲུག་ཚུ་གིས་འབད་བ་ཅིན་ ས་གནས་ནང་ལུ་ ཁོང་ཆ་ཁྱབ་ཀྱིས་ ཁྲིམས་སྲུང་འགག་པའི་འགན་ཁུར་འབག་སྟེ་ སྣུམ་འཁོར་བཀག་པའི་སྐབས་ལུ་ མི་སེར་ལ་ལུ་ཅིག་གིས་ ཁྱེད་བཞེས་སྒོ་བཟའ་ནི་མེད་པར་ ལཱ་འདི་བཟུམ་འབདཝ་ཨིན་ན་ཟེར་ སླབ་ད་ལུ་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
སློབ་ཕྲུག་ཚུ་གིས་ སློབ་གྲྭའི་ངལ་གསོ་སྐབས་ལུ་ འགན་ཁུར་ཐེབས་འབག་སྟེ་ ལཱ་འབད་དོ་ཡོདཔ་ཨིན་རུང་ མི་སེར་གྱིས་ ཧ་གོ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ སློབ་ཕྲུག་༡ གིས་ ཀུན་གསལ་གྱི་ གནས་ཚུལ་བསྡུ་ལེན་པ་ལུ་ བཤད་ཅི།
ཧཱ་ལུ་ གླ་འཁོར་ཡོངས་བསྡོམས་༡༠ དེ་ཅིག་ལས་ མེད་མི་ལུ་བརྟེན་ སྣུམ་འཁོར་གྱི་ ཨང་དང་འཁྲིལ་ཏེ་མེན་པར་ གླ་འཁོར་ག་ར་གིས་ རེས་གཟའ་ལྷག་པ་ལུ་ འགྲུལ་པ་ཚུ་ སྐྱེལ་འདྲེན་འབད་ཆོགཔ་སྦེ་ཡོདཔ་ཨིན་པས།
ཧཱ་ ཤར་རི་ལས་ སྐྱེས་ལོ་༣༠ ལང་མི་ ཚེ་རིང་རྡོ་རྗེ་གིས་ བཤད་མིའི་ནང་ གླ་འཁོར་གྱི་ཚོང་འབྲེལ་དེ་ ཨ་རྟག་དང་ཕྱདཔ་ད་ རེས་གཟའ་ལྷག་པ་ལུ་ དྲག་པས་ཟེར་ཨིནམ་ད་ ད་རེས་ནངས་པ་ བཀའ་ཁྲིད་གནང་མི་ལུ་བརྟེན་ གླ་འཁོར་གྱི་ ཚོང་འབྲེལ་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཅི་ཟེར་ཨིན་པས།
ཁོ་གིས་ ཨ་རྟག་འབད་བ་ཅིན་ ཉིནམ་རེ་ལུ་ དངུལ་ཀྲམ་༤༠༠ དེ་ཅིག་ལས་ ཐོབ་མ་ཚུགསཔ་ཨིན་རུང་ ད་རེས་ནངས་པ་ དངུལ་ཀྲམ་༡,༥༠༠ ལས་༢,༠༠༠ གི་བར་ན་ ཐོབ་ཚུགས་པས་ཟེར་ཨིན་པས།
ཁ་ཙ་ བཀའ་ཁྲིད་ཞུ་བར་འོང་མི་ མི་སེར་ཚུ་ཡང་ ག་ར་རྐང་ཐང་སྦེ་ འོང་ཡོདཔ་ད་ ས་གནས་ནང་སྡོད་མི་ ཚོང་དཔོན་༡ གིས་ སླབ་མིའི་ནང་ ཧཱ་རྫོང་ཁག་དེ་ ཆུང་ཀུ་ཅིག་ལས་མེད་ནི་དེ་གིས་ སྣུམ་འཁོར་བཏང་མི་ དག་པ་ཅིག་ལས་བརྒལ་མེད་ཟེར་ཨིན་པས།
རེས་གཟའ་ལྷག་པའི་ རྐང་འགྲུལ་པའི་ཉིནམ་ བརྩི་སྲུང་འབད་ནི་དེ་ ལེགས་ཤོམ་ཅིག་ཨིན་རུང་ འཕྲལ་འཕྲལ་ གློ་བུར་གྱི་ལཱ་དང་ སྐྱེ་ཤི་སྡུག་བསྔལ་གྱི་བྱ་བ་ལུ་ཐུགཔ་ད་ ཐབས་སྡུག་སི་སི་ཅིག་ ཨིན་མས་ཟེར་ སྣུམ་འཁོར་གཏང་མི་ཇོ་བདག་ཅིག་གིས་ སླབ་ཨིན་པས།
མི་མང་གི་ ཕན་ཐབས་ལུ་ཨིན་ཟེར་མི་དེ་ བརྟག་ཤིང་ག་ནི་ཡང་མ་དཔྱད་པར་ འགན་འཁྲི་ཅན་ཚུ་གིས་ ག་ཐོབ་འབད་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ ཁྲོམ་ཁར་སྡོད་མི་ དེད་གཡོགཔ་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།

 

No comments:

Post a Comment