གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་འབྲེལ་དངུལ་སྤྲོད་ཐབས་རིག་ འཕྲུལ་ཆས་གསརཔ་གཞི་བཙུགས་འབད་ཡོདཔ།

ཨམ་སྲུ་ཅིག་གིས་ འཕྲུལ་ཆས་གསརཔ་ པོནཊི་ཨོཕ་སེལ་ ལག་ལེན་འཐབ་པའི་བསྒང་།
 ༡༤/༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཐིམ་ཕུ་མུ་ཏིག་ཐང་ ས་སྣུམ་བཀྲམ་སྤེལ་ཡིག་ཚང་ནང་སྦེ་ ཚོང་འབྲེལ་དངུལ་སྤྲོད་ཐབས་རིག་ འཕྲུལ་ཆས་གསརཔ་ཅིག་ འགོ་འབྱེད་འབད་ཡོདཔ་ད་ དེ་གིས་ ཨེ་ཊི་ཨེམ་འཕྲུལ་ཆས་ལས་ལྷག་པའི་ ཁེ་ཕན་བྱུང་ནི་ཨིན་པས།
དེ་ཡང་ འཕྲུལ་ཆས་གསརཔ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་འབད་ རྒྱལ་ཁབ་ནང་གི་ ཚོང་འབྲེལ་དངུལ་ཁང་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཚོང་མགྲོན་པ་ཚུ་གིས་ རང་སོའི་ཨེ་ཊི་ཨེམ་གྱི་ཐོག་ལས་ ཏི་རུ་སྤྲོད་ཚུགས་པའི་ ཐབས་ཤེས་ཅིག་ཨིན་མས།
དངུལ་ཁང་དང་ ཨེ་ཊི་ཨེམ་འཕྲུལ་ཆས་ནང་ལས་ ཏི་རུ་བཏོན་མ་དགོ་པར་ ཐད་ཀར་དུ་ ཚོང་པ་ཚུ་དང་གཅིག་ཁར་ ཚོང་འབྲེལ་ཐབས་ཚུགས་ནི་ཨིན་མི་གིས་ དངུལ་རྐྱང་ལག་ལེན་འཐབ་ནི་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་པས།
དེ་དང་འཁྲིལ་ དངུལ་རྐྱང་ལག་ལེན་དང་འབྲེལ་བའི་ ཉེན་ཁ་དང་ ཟད་འགྲོ་ཚུ་ཡང་ མར་ཕབ་འབད་ནི་ལུ་ཕན་ཐོགས་བྱུང་ནི་ཨིན་པས།
སྐུ་མགྲོན་གཙོ་བོ་འབད་བྱོན་མི་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་གསུངས་མིའི་ནང་ ལམ་ལུགས་དེ་གིས་ ད་ལས་ཕར་ ཆུ་དང་ གློག་མེའི་ཁྲལ་ཚུ་ དམིགས་བསལ་ འཇམ་ཏོང་ཏོ་སྦེ་ བཏབ་ཚུགས་ནི་དང་ གཞུང་གི་ཁ་ཐུག་ལས་འབད་རུང་ མི་སེར་ལུ་ ཞབས་ཏོག་བྱིན་ཐོག་ལས་ མི་སྡེ་ཡར་དྲག་གཏང་ནིའི་ དམིགས་ཡུལ་གྲུབ་ཐབས་ལུ་ ཕན་ཐོགས་བྱུང་འོང་ཟེར་ཨིན་མས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་ཁྱབ་འོགམ་ པུསི་ལཱལ་ ཆེ་ཏི་རི་གིས་ སླབ་མི་དང་འཁྲིལཝ་ད་ ལམ་ལུགས་གསརཔ་དེ་ལུ་བརྟེན་ ཤོག་གུ་དང་ གནག་རྩི་ འཕྲུལ་ཆས་ཚུ་ ལག་ལེན་འཐབ་མ་དགོ་པར་ དེ་འཕྲོ་ལས་འབད་ཚུགས་པའི་ཕན་ཐོགས་སྦོམ་ཡོད་ཟེར་ཨིན་པས།
ལམ་ལུགས་དེ་ལུ་བརྟེན་ རང་གི་རྩིས་ཁྲ་ནང་ཡོད་པའི་ཏི་རུ་དེ་ དངུལ་ཁང་གཅིག་ལས་གཅིག་ནང་ སྤོ་སོར་འབད་ནི་ཨིན་པ་ཅིན་ དངུལ་རྐྱང་སྤྲོད་མ་དགོ་པར་ པོནཊི་ཨོཕ་སཱེལ་གྱི་ཐོག་ལས་ འབད་ཚུགས་པའི་ཁར་ དངུལ་རྐྱང་འབག་སྟེ་ ཨར་རྐུན་ཤོར་ནི་དང་ བྱང་སྟོར་ཞུགས་ནི་ འདྲོག་ནི་ཚུ་ག་ནི་ཡང་མེད་པར་ འབད་ཚུགས་ཟེར་ཨིན་པས།
ལམ་ལུགས་གསར་པའི་ཞབས་ཏོག་དེ་ ཐིམ་ཕུ་དང་ སྤ་རོ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ ཕུན་ཚོགས་གླིང་ མོང་སྒར་ བཀྲིས་སྒང་ དེ་ལས་ བུམ་ཐང་རྫོང་ཁག་ཚུ་ནང་ ཐོབ་ཚུགསཔ་ད་ ད་ལྟོ་ ཐིམ་ཕུ་ལུ་ ལམ་ལུགས་གསརཔ་གི་ ཐབས་འཕྲུལ་ པོནཊི་ཨོཕ་སཱེལ་༧༨ ཡོད་མི་ཚུ་ འབྲུག་གློག་མེ་ལས་འཛིན་ཡིག་ཚང་དང་ འབྲུག་མཁའ་འགྲུལ་ འབྲུག་བརྒྱུད་འཕྲིན་ ཁྲོམ་སྡེ་ལས་འཛིན་ དེ་ལས་ ཟ་ཁང་ཚུ་ནང་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment